R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༦བ
[A:༣༦བ]རྟེན་ལ་གཟིགས་ནས་མ་ངེས་པ་དང་། ལོག་པར་ངེས་པ་དང་། ཡང་དག་པར་ངེས་པ་སྟེ་གསུམ་དུ་གནས་པ་ལས། མ་ངེས་པ་ལ་གཟིགས་ཏེ། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་སུ་དག །སྐལ་བར་ལྡན་ཞིང་རིགས་དང་ལྡན་གྱུར་པ། །མི་ཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེ་འོ། །ཞེས་ཞལ་གྱིས་བཞེས་སོ། །དེ་ནས་བྱང་ཆུབ་ཀྱི་ཤིང་གི་ལྷ་བཞིས། ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་ཞུས་པས། ཝ་ར་ན་སིར་བསྐོར་གསུངས་པ་ན། དེ་དག་གིས། དེ་ནི་སྐྱེ་བོ་ཉུང་ཞིང་གྲིབ་མ་ཆུང་བས་གཞན་དུ་རིགས་སོ་ཟེར་བ་ལ། སྟོན་པས། བཞིན་བཟང་དག་དེ་སྐད་མ་ཟེར་ཅིག ཝ་ར་ན་སི་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས་ས་སྟེ། ལྷ་དང་ཀླུ་ཡིས་མངོན་བསྟོད་རྟག་ཏུ་ཆོས་ནི་རྣམ་པར་གཞོལ། །ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་དགུ་བཅུ་རྩ་གཅིག་བསྟེན། །དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དམ་པ་དེར་ནི་འཁོར་ལོ་བསྐོར། །ཞེས་གསུངས་ཤིང་དེ་ནས་སུ་ལ་ཆོས་བསྟན་དགོངས་པ་དང་། ལྷག་སྤྱོད་འདས་ནས་ཞག་བདུན་དང་། རིང་འཕུར་འདས་ནས་ཞག་གསུམ་ལོན་པར་དགོངས་ནས་ལྔ་སྡེ་ལ་གཟིགས་པས། དེ་དག་སྐལ་བ་དང་ལྡན་པར་མཁྱེན་ནས་གསལ་ལྡན་དུ་བྱོན་པས། འཚོ་བ་པ་ཉེར་འགྲོ་དང་འཕྲད་དེ། ཁྱོད་དབང་པོ་ནི་གསལ། པགས་པ་ནི་དག་ན། སུ་ལས་ཚངས་པར་སྤྱད་ཞུས་པ་ན། སྟོན་པས། ང་ལ་སློབ་དཔོན་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུ་རྫོགས་སངས་རྒྱས། །བསིལ་འགྱུར་ཟག་པ་མེད་པ་ཡིན། །གསུངས་པས། དེ་ན་རེ། དགྲ་བཅོམ་པར་ཞལ་གྱིས་འཆེ་འམ་ཟེར་བ་དང་།