R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༧ན
[A:༣༧ན]སྟོན་པས། ང་ནི་འཇིག་རྟེན་དགྲ་བཅོམ་པ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ང་ཡི་དོ་ཟླའི་གང་ཟག་མེད། །གསུངས་པས། དེས་རྒྱལ་བར་ཞལ་གྱིས་བཞེས་སམ་ཟེར་བ་ལ། སྟོན་པས། གང་དག་ཟག་པ་ཟད་བརྙེས་པ། །ང་འདྲ་རྒྱལ་བར་ཤེས་པར་བྱ། །ང་ནི་སྡིག་པའི་ཆོས་ལས་རྒྱལ། །དེ་བས་ཉེར་འགྲོ་ང་རྒྱལ་ཡིན། །གསུངས་པས། དེས། འོ་ན་གར་བཞུད་ཟེར། ང་ནི་ཝ་ར་ན་སིར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །ལོང་བ་ལྟ་བུའི་འཇིག་རྟེན་ལ། །མཚུངས་པ་མེད་པའི་འོད་བྱའོ། །ཞེས་གསུངས་པས་དེ་བཞིན་དུ་འགྱུར་རོ་ཟེར་ཏེ་ལྷོ་ཕྱོགས་སུ་སོང་། སྟོན་པས་བྱང་ཕྱོགས་སུ་སྟེང་རྒྱས་སོགས་ནས་རིམ་གྱིས་གཤེགས། གངྒཱའི་འགྲམ་དུ་བྱོན་ཏེ་གྲུ་ལ་སྒྲོལ་གསུངས་པས་མཉན་པས་གྲུ་ཚས་དགོས་ཟེར་བ་ལ། ང་ལ་གྲུ་ཚས་མེད་གསུངས་ནས་ནམ་མཁའ་ལ་འཕུར་ནས་གཤེགས་པས། མཉན་པ་དག་འགྱོད་པ་སྐྱེས་ཤིང་ངོ་མཚར་ནས་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཕྱིན་ཆད་རབ་བྱུང་ལ་གྲུ་ཚས་མི་ལེན་པར་བྱས་སོ། །དེ་ནས་འཁོར་མོ་འཇིག་ཏུ་གཤེགས་པ་ལྔ་སྡེས་རྒྱང་རིང་པོ་ནས་མཐོང་ནས། དགེ་སྦྱོང་གོའུ་ཏ་མ་ལྷོད་པ་མང་དུ་བཟའ་བ། སྤོང་བ་ལས་ཉམས་པ་དེ་འོང་གི འདི་ལ་སྔོན་དུ་ལྡང་བ་དང་། ཕྱག་ཀྱང་མི་བྱ། སྟན་ལྷག་མ་འདི་ལ་འདུག་ན་འདུག་ཏུ་ཆུག་ཟེར་བའི་འོག་ཁྲིམས་བཅས་ཏེ། ཀུན་ཤེས་ཀྱི་སེམས་ཀྱིས་ཁས་མ་བླངས། དེ་ནས་སྟོན་པས་བྱོན་པས་ལྔ་སྡེའི་འོག་ཁྲིམས་དེ་རང་ཞིག་ཏུ་སོང་སྟེ། སྟན་ལས་ལངས་ཏེ། ལ་ལས་བསུ། ལ་ལས་གདན་བཏིངས། ལ་ལས་ཞབས་བཀྲུ་བའི་ཆུ་