R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༧བ
[A:༣༧བ]བཤམས་ནས་ཁྱེད་ལེགས་པར་བྱོན་ནམ། སྟན་འདི་ལ་བཞུགས་སུ་གསོལ་ཞེས་ཞུས་པ་ན། སྟོན་པས་སྟན་ལ་བཞུགས་ནས་ལྔ་སྡེ་དགའ་མགུ་བར་བྱ་བའི་གཏམ་མང་པོ་མཛད་པ་ན། ལྔ་སྡེས་ཚེ་དང་ལྡན་པ་གཽ་ཏ་མ། དབང་པོ་ནི་གསལ། པགས་པ་ནི་ཡོངས་སུ་དག་ན། ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ་ཞེས་ཟེར་བ་ལ། སྟོན་པས། དགེ་སློང་དག་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་ཟེར་ཞིག ཁྱེད་རང་དག་ཡུན་རིང་པོར་མི་བདེ་བར་འགྱུར་རོ། །ངས་ནི་བདུད་རྩི་ཐོབ་བོ། །སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །སྔར་ཁྱོད་རྣམས་ཀྱིས་འོག་ཁྲིམས་འདི་ལྟར་མ་བཅས་སམ། དགེ་སློང་དག ངས་ཁྱོད་རྣམས་ལ་ཆོས་བཤད་ཀྱི་ཚུར་ཤོག་ཉོན་ཅིག ནན་ཏན་གྱིས་ཤིག རྣ་བ་ལྷོགས་ཤིག་དང་ངས་གདམས་ཤིང་རྗེས་སུ་བསྟན་ནོ། །ཞེས་གསུངས་པས་དེའི་མོད་ལ། དེ་དག་གི་མུ་སྟེགས་ཀྱི་རྟགས་རྣམས་མེད་པར་གྱུར་ཏེ། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར་ཏེ། དེ་དག་གིས་ཀྱང་ཉེས་པ་བཤགས་ཏེ་གུས་པ་ཡང་བསྐྱེད་དོ། །དེ་ནས་སྟོན་པས། སྔོན་གྱི་སངས་རྒྱས་རྣམས་གང་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་སྙམས་པ་དང་། ས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་བྱུང་བར་གྱུར་ཏོ། །དེར་ཁྲི་སྔ་མ་གསུམ་ལ་བསྐོར་བ་མཛད་དེ། བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །ལྔ་སྡེས་ཀྱང་སྟོན་པའི་ཞབས་ལ་ཕྱག་བཙལ་ཏེ་སྤྱན་སྔར་འཁོད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་བཀྱེས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ཏེ། འོད་དེ་ལས། དེ་ནི་ཐུགས་དམ་བསྟན་པ་སྟེ། །ཝ་ར་