[A:༣༨ན]ན་སི་རི་དྭགས་ནགས། །གཤེགས་ཏེ་འཁོར་ལོ་བླ་མེད་པ། །ཤིན་ཏུ་རྨད་བྱུང་དཔལ་ལྡན་བསྐོར། །རྒྱལ་ལས་བསྐལ་པ་ཕྲག་ཁྲིག་བསྒྲུབས། །ཆོས་དེ་ཉན་པར་གང་འདོད་པ། །དེ་ནི་རིངས་པར་ལ་གོར་དུ། །ཆོས་ཉན་པ་ཡི་ཕྱིར་ཤོག་ཅིག །ཅེས་བྱ་བ་ལ་སོགས་པའི་སྒྲ་གྲགས་པས། བྱང་ཆུབ་སེམས་དཔའ་དང་། ལྷའི་འཁོར་དཔག་ཏུ་མེད་པ་འདུས་སོ། །དེ་ནས་སྟོན་པ་འདིས་འཁོར་གྱི་ཐོག་མ་ཀུན་ཤེས་ཀཽ་དྲི་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་སྟེ། ལྔ་སྡེ་བཟང་པོ་ལ། དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་འཇུག་པར་བྱ་བ་མ་ཡིན་ཏེ། འདོད་པ་བསོད་ཉམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་འོ། །དེ་བས་ན་མཐའ་གཉིས་སྤངས་ནས་དབུ་མའི་ལམ་གྱིས་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། །དེ་ནི་འདི་ལྟ་སྟེ་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་བཞི་སྟེ། གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ་ཞེས་སོགས་ལན་དང་པོས་བདེན་པ་བཞིའི་ངོ་བོ་དང་། ཡང་དགེ་སློང་དག་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ་ཞེས་སོགས་ལན་གཉིས་པས་བདེན་པ་བཞིའི་བྱ་བ་དང་། ཡང་དགེ་སློང་དག་སྡུག་བསྔལ་ཤེས་སོ་ཀུན་འབྱུང་སྤངས་སོ་ཞེས་སོགས་ལན་གསུམ་པས་བདེན་པ་བཞི་མཐར་ཕྱིན་པར་བཟླས་པ་སྟེ། དེ་ལྟར་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ལན་གཉིས་པ་ལ་ཀུན་ཤེས་ཀྱིས་དགྲ་བཅོམ་པ་ཐོབ། གཞན་བཞི་ལ་མཐོང་ལམ་སྐྱེས། གསུམ་པའི་ཚེ་བཞི་པོས་ཀྱང་དགྲ་བཅོམ་པ་ཐོབ་བོ། །འོ་ན་ལྔ་སྡེ་འདི་དག་སྟོན་