R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༨བ
[A:༣༨བ]པ་འདིའི་འཁོར་གྱི་ཐོག་མར་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། སྟོན་པ་འདི་སྔོན་རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པ་ན། དེའི་ཚེ་གནོད་སྦྱིན་མིག་དམར་ཞེས་པ་ལྔས་ཉིན་རེ་ལ་སེམས་ཅན་དུ་མ་སྲོག་གཅོད་ཅིང་བཟའ་བར་བྱེད་པ་ལས། རྒྱལ་པོ་འདི་འཁྲུངས་པའི་སྟོབས་ཀྱིས་གནོད་སྦྱིན་དེ་དག་ལ་སེམས་ཅན་གྱི་སྲོག་གཅོད་པའི་སྐལ་བ་མེད་པར་གྱུར་ནས་ལུས་ཤིན་ཏུ་རིད་པར་གྱུར་ནས་ནགས་གསེབ་ཅིག་ཏུ་གནས་པ་ལས། རྒྱལ་པོ་དེས་ནགས་སུ་བྱོན་པ་དང་། དེ་དག་མཐོང་ནས་ལུས་འདི་ལྟ་བུར་གྱུར་པ་ཅི་ཡིན་གསུངས་པས། གནོད་སྦྱིན་རྣམས་ཀྱིས་གོང་གི་རྒྱུ་མཚན་ཞུས་པ་ན། རྒྱལ་པོ་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ཏེ་རང་གི་མགྲིན་པའི་རྩ་བཅད་དེ་ཁྲག་དང་། ལུས་ཀྱི་ཤ་བཅད་ནས་དེ་རྣམས་ལ་བྱིན་པས། དེ་དག་ན་རེ། འདི་ལྟར་བྱས་ནས་ཁྱེད་ཅི་འདོད་ཟེར་བ་ན། རྒྱལ་པོས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་གསུངས་པས། དེ་དག་གིས། དེའི་ཚེ་ངེད་རྣམས་ཀྱང་ཁྱེད་ཀྱི་འཁོར་གྱི་ཐོག་མར་སྐྱེ་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་པ་ལ་བརྟེན་ནས་གནོད་སྦྱིན་དེ་དག་རྒྱལ་པོ་དེ་སངས་རྒྱས་ནས་སྟོན་པ་འདིར་གྱུར་པའི་ཚེ་འཁོར་འདུས་པ་དང་པོར་བྱུང་བ་ཡིན་པར་བཤད་པ་ཡིན་ནོ། །དེ་ལྟར་ཆོས་འཁོར་བསྐོར་ནས། མྱ་ངན་ལས་འདས་པའི་མཛད་པ་ནི། དེ་ནས་མྱ་ངན་ལས་འདའ་བར་ཉེ་བ་ན། སྟོན་པས་ཀུན་དགའ་བོ་ལ་མྱ་ངན་ལས་མི་འདའ་བ་གསོལ་བར་བསྐུལ་བའི་ཕྱིར་དུ། ཀུན་དགའ་བོ་གང་སུ་ཡང་རུང་རྫུ་འཕྲུལ་གྱི་