[A:༣༩ན]རྐང་པ་བཞི་ལ་བརྟེན་སྒོམ་མང་དུ་བྱས་པ་དེ་འདོད་ན་བསྐལ་པའི་བསྐལ་པ་ལས་ལྷག་གི་བར་དུ་འདུག་གོ །དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་སྒོམ་མང་དུ་བྱས་པས། དེ་བཞིན་གཤེགས་པ་བཞེད་ན་བསྐལ་པའི་བསྐལ་པ་ལས་ལྷག་པའི་བར་དུ་ཡང་བཞུགས་སོ། །ཞེས་ལན་དུ་མར་བསྐུལ་ཀྱང་ཀུན་དགའ་བོ་བདུད་ཀྱིས་ཁེབས་པས་ཅང་མི་ཟེར་རོ། །དེའི་ཚེ་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པས་ཟླ་བ་གསུམ་ན་འདའ་བར་ཞལ་གྱིས་བཞེས་སོ། །དེ་ནས་སྟོན་པས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས། ཚེའི་འདུ་བྱེད་ནི་སྤངས་སོ། །དེའི་ཚེ་ས་གཡོས། སྐར་མདའ་ལྷུང་། ཕྱོགས་ཚིག བར་སྣང་གི་ལྷ་རྣམས་ཀྱིས་རྔ་བརྡུངས་པར་གྱུར་པ་ན། དེའི་རྒྱུ་ཞུས་པས། ས་གཡོས་པའི་རྒྱུ་བརྒྱད་གསུངས་པས། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་བཏང་བར་རིག་ནས་གསོལ་བ་བཏབ་པས་མ་གནང་ངོ་། །དེ་ནས་ཀྱང་ཡུལ་ཡངས་པ་ཅན་ལ་སོགས་པ་དུ་མར་གདུལ་བྱ་མང་པོའི་དོན་མཛད་དེ། རིམ་གྱིས་གྲོང་ཁྱེར་རྩྭ་ཅན་གྱད་ཀྱི་ཡུལ་དང་ཉེ་བ་ཤིང་སཱ་ལ་ཟུང་གི་ཚལ་ག་ལ་བ་དེར་གཤེགས་པས། དེར་གྲོང་ཁྱེར་པ་རྣམས་ཀྱིས་ལམ་ཐམས་ཅད་མཛེས་པར་བྱས། སཱ་ལ་ཟུང་གི་དབུས་སུ་ཁྲི་བཅས་འཕོང་བྱང་དུ་བསྟན་པ་ལ་གློ་གཡས་པ་ཕབ། ཞབས་ཀྱི་སྟེང་དུ་ཞབས་བཞག་སྟེ་མྱ་ངན་ལས་འདའ་བའི་འདུ་ཤེས་མཛད་ནས་གཟིམས་སོ། །དེར་ཀུན་དགའ་བོ་ནི་ཁྲི་ལ་འཇུས་ནས་ངུ་ཞིང་སྨྲེ་སྔགས་འདོན་པ་ལ། སྟོན་པས། ཀུན་དགའ་བོ་ཁྱོད་མྱ་ངན་དང་སྨྲེ་སྔགས་འདོན་པར་མ་བྱེད་ཅིག དེ་ཅིའི་ཕྱིར་ན།