R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩བ
[A:༣༩བ] ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཉེ་གནས་བྱས་པ་ནི། བྱམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་ཕན་པ་དང་། བདེ་བ་དང་། གཉིས་སུ་མེད་པ་དང་། ཚད་མེད་པར་བྱས་སོ་ཞེས་གསུངས་ཤིང་། ངོ་མཚར་བའི་ཆོས་བཞི་གསུངས་ནས་མྱ་ངན་བསལ་ལོ། །དེ་ནས་སྟོན་པའི་སྐུ་དངོས་ཀྱི་གདུལ་བྱ་རབ་དགའ་དང་། རབ་བཟང་། འདུན་པ་རྣམས་ལ་ཆོས་བསྟན་པས་དེ་རྣམས་ཀྱིས་ཀྱང་བདེན་པ་མཐོང་། དེ་ནས་བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་ཤཱཀྱ་དང་མོས་པ་རལ་པ་ཅན་མ་གཏོགས་རབ་ཏུ་མི་དབྱུང་། འཁོར་རྣམ་བཞིར་ཕན་བདེར་འགྱུར་བའི་གསུང་རབ་བཅུ་གཉིས་བཀླག སྟོན་པ་སོ་ཐར་ལ་གྱིས། རྒན་པས་གཞོན་པ་རྣམས་ཡོ་བྱད་ཀྱིས་བསྡུ། གཞོན་པས་རྒན་པ་ལ་མིང་འབོད་མི་བྱ། དད་པ་ཅན་ལ་སྟོན་པ་འཁྲུངས་པ། སངས་རྒྱས་པ། ཆོས་གསུངས་པ། མྱ་ངན་ལས་འདས་པའི་ཕྱོགས་བཞི་བསྟན་པར་བྱའོ། །དགེ་སློང་དག་དཀོན་མཆོག་གསུམ་དང་བདེན་པ་བཞི་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག ཞེས་སོགས་གསུངས་ནས་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེའི་ཚེ་ས་གཡོས། སྐར་མདའ་ལྷུང་། ཕྱོགས་ཚིག ལྷས་རོལ་མོའི་སྒྲ་ཆེས་ཆེར་བསྒྲགས་སོ། །དགེ་སློང་ཁ་ཅིག་ས་ལ་འགྲེ་ལྡོག ལ་ལས་ཀུ་ཅོ་འདོན། ཁ་ཅིག་སྡུག་བསྔལ་གྱིས་གཟིར། འགའ་ཞིག་ཆོས་ཉིད་ལ་རྟོག་ཅིང་གནས། དགེ་སློང་ཁ་ཅིག་གིས། སཱ་ལ་ཟུང་ནི་རབ་མཛེས་པའི། །ལྗོན་ཤིང་མཆོག་གི་ཚལ་དུ་འདིར། །སྟོན་པ་མྱ་ངན་འདས་པ་ལ། །མེ་ཏོག་དག་གིས་རབ་ཏུ་གཏོར། །ཞེས་ཟེར། བརྒྱ་བྱིན་གྱིས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་