R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠ན
[A:༤༠ན]ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་དང་། ཚངས་པས། འབྱུང་པོ་ཀུན་གྱི་འཇིག་རྟེན་འདིར་ནི་བསགས་པའི་མཐའ། །འདོད་འགྱུར་འཇིག་རྟེན་འདི་ན་གང་ཟག་བླ་མེད་གཅིག །དེ་བཞིན་གཤེགས་པ་སྟོབས་རྣམས་བརྙེས་པ་སྤྱན་ལྡན་པ། །སྟོན་པ་འདི་ལྟ་བུ་ཡང་ཡོངས་སུ་མྱ་ངན་འདས། །ཞེས་པ་དང་། མ་འགགས་པས། བརྟན་པའི་ཐུགས་ཀྱིས་སྐྱོབ་མཛད་པ། །མི་གཡོ་ཞི་བ་བརྙེས་གྱུར་པ། །དབུགས་དབྱུང་བ་དང་རྔུབ་འགགས་ནས། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །ཞེས་གསུངས་སོ། །དེ་ནས་ཉན་ཐོས་ཆེན་པོ་ནི་ཀུན་ཤེས། སྐུལ་བྱེད། སྟོབས་བཅུ་འོད་སྲུང་། འོད་སྲུང་ཆེན་པོ་སྟེ་བཞི་ལ་སོགས་པས་སྐུ་གདུང་ཤིང་བལ་གྱི་ལྭ་བ་དང་། རས་ཟུང་ལྔ་བརྒྱས་དཀྲིས། ལྕགས་ཀྱི་སྒྲོམ་དུ་བཅུག འབྲུ་མར་གྱིས་བཀང་། ལྕགས་ཁབ་གཉིས་ཀྱིས་བཀབ་སྟེ། དྲི་ཞིམ་པོའི་ཤིང་མང་པོ་སྤུངས་པས་མེ་རང་འབར་དུ་གྱུར་ཏེ་ཞག་བདུན་དུ་མ་ཤི་བ་ན། གྱད་རྣམས་ཀྱིས་བསད་དེ། འོ་མ་ལས་མེ་ཏོག་སེར་ཅན། སེར་སྐྱ། རྟ་དོན། ཨུ་དུམ་ཝ་ར་སྟེ་བཞི་སྐྱེས། སྐུ་གདུང་རྣམས་གསེར་གྱི་བུམ་པར་བཅུག་མཆོད་པ་བྱས་སོ། །དེ་ནས་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་དང་། ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ སྒྲ་སྒྲོགས་ཀྱི་ཀྲོ་དྷ་བ། ཁྱབ་འཇུག་གླིང་གི་བྲམ་ཟེ། སེར་སྐྱའི་ཤཱཀྱ། ཡངས་པ་ཅན་གྱི་ལི་ཙ་བྱི། མ་ག་དྷའི་མ་སྐྱེས་དགྲ་རྣམས་ཀྱིས་རྩྭ་ཅན་གྱི་གྱད་རྣམས་ལ། སྟོན་པ་ནི་ངེད་རྣམས་ལ་ཡུན་རིང་པོ་ནས་ཕན་ཞིང་བླ་མར་གྱུར་པ་ཡིན་པས། ཁྱེད་ཀྱི་ཡུལ་གྱི་ཉེ་འཁོར་དུ་འདས་པ་ཞིག་ན།