R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠བ
[A:༤༠བ]གདུང་གི་སྐལ་བ་བྱིན་ཅིག སོ་སོའི་ཡུལ་དུ་མཆོད་རྟེན་བྱས་ཏེ་དུས་སྟོན་བྱེད་དོ། །མི་སྟེར་ན་དམག་གིས་དོན་འཕྲོག་ཟེར་བ་ལ། གྱད་གིས་ཀྱང་དེ་བཞིན་ངེད་ཀྱང་བྱེད་དོ་ཟེར་ནས་གདུང་གི་ཕྱིར་འཐབ་པར་བརྩམས་པ་ན། བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པས། རྩྭ་ཅན་གྱི་གྱད་རྣམས་དང་། སྐུ་གདུང་སློང་བ་པོ་རྣམས་ལ། སྟོན་པ་ནི་ཡུན་རིང་པོ་ནས་བཟོད་པ་དང་ལྡན་པ། བཟོད་པའི་བསྔགས་པ་བརྗོད་པ་ཡིན་པ་ལ། སྐུ་གདུང་གི་ཕྱིར་གཅིག་གིས་གཅིག་གསོད་པར་མི་རིགས་ཀྱི་ཁོ་བོས་སྐུ་གདུང་ཆ་བརྒྱད་དུ་བགོས་ལ་སོ་སོ་ལ་སྦྱིན། བུམ་པ་ལ་ཁོ་བོས་མཆོད་པ་བྱའོ། །ཞེས་སྨྲས་པས། དེ་ལ་ཀུན་མཐུན་ཏེ། དེ་བཞིན་བྱས་པས་རང་རང་གི་སྐལ་བ་ཡུལ་དུ་ཁྱེར་ཏེ་མཆོད་རྟེན་བརྩིགས་པ་དང་དུས་སྟོན་བྱེད་ཅིང་། སྒྲ་སྒྲོག་པའི་སྐལ་བ་ཀླུས་འཕྲོགས་ཏེ་ཀླུས་མཆོད་དོ། །དེ་བཞིན་དུ་གདུང་བཅུག་པའི་བུམ་པ་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་ལ་བྱུང་བ་དེ། གདུང་གི་སོལ་བ་ནྱ་གྲོ་དྷ་ལ་བྱུང་བ་གཉིས་ལ་ཡང་མཆོད་རྟེན་བརྩིགས་པས་མཆོད་རྟེན་བཅུ། ཚེམས་མཆེ་བ་བཞི་ལ་མཆོད་རྟེན་རེ་རེ་སྟེ་བཅུ་གཉིས་བྱོན་པ་ཡིན་ནོ། །དེ་ལྟར་མྱ་ངན་ལས་འདས་པའི་ཚུལ་འདི་ལ་ཉན་ཐོས་པ་དག་བུད་ཤིང་ཟད་པའི་མེ་བཞིན་དུ་བེམ་རིག་རྒྱུན་ཆད་པར་འདོད། ཐེག་ཆེན་ལྟར་ན། སྤྲུལ་པའི་སྐུ་ནི་མྱ་ངན་ལས་འདའ་བར་བརྗོད་ཀྱི་ཅིག་ཤོས་མིན། གཏན་དུ་གནས་པའི་རྒྱུ་ལྡན་པ། །མྱ་ངན་འདའ་བར་ཡང་མི་རིགས། །ཞེས་གསུངས་པ་ལྟར་ལོངས་སྐུ་ནི་མྱ་ངན་ལས་འདའ་བའི་ཚུལ་ཡང་མི་སྟོན་ལ། སྤྲུལ་སྐུ་གདུལ་བྱའི་དབང་གིས་མྱ་ངན་ལས་འདའ་བའི་ཚུལ་སྟོན་ཡང་། རྒྱུན་