R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡ན
[A:༤༡ན]ཆད་པ་ནི་མི་འདོད་དེ། དཔེར་ན་སྨན་པ་མཁས་པས་བུ་སྨན་མི་འཐུང་བ་ལ། ཕས་འདི་འཐུངས་ཤིག་མ་འཐུངས་ན། ང་ནི་འཆི་འོ་ཞེས་སྨྲས་པ་དང་། བུ་དེས་ཕ་ནི་འཆི་གཞན་སྨན་སྟེར་བ་ནི་མེད་སྙམ་སྨན་འཐུང་ནད་གསོས་པ་ན་ཕ་ཤི་བ་མིན་པར་ཤེས་ཀྱང་རྫུན་གྱི་ཉེས་པར་མི་འགྱུར་བ་བཞིན། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ཡིན་གྱི། བརྒྱ་བྱིན་སོགས་སུ་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ཡང་ཡོད་པ་དང་། ད་ལྟ་ཤར་ཕྱོགས་ཀྱི་ཞིང་ཁམས་རྣམ་པར་སྤུད་པ་ཞེས་པ་ན་སངས་རྒྱས་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བ་སྐུ་ཚེ་བསྐལ་པ་གྲངས་མེད་བདུན་བརྒྱ་ཐུབ་པ་ཞིག་བཞུགས་ཏེ་དེ་བདག་ཅག་གི་སྟོན་པ་འདི་ཡིན་པར་བཤད་དོ། །དེ་ལྟར་ཡང་། མདོ་སྡེ་རྒྱན་ལས། ཇི་ལྟར་མེ་ནི་གཞན་དུ་འབར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སྣང་དང་མི་སྣང་ཤེས་པར་བྱ། །ཞེས་གསུངས་པས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་སྟོན་པ་ཧེ་རུ་ཀའི་བྱོན་ཚུལ་ལ། གདུལ་བྱ་དབང་ཕྱུག་གི་བྱུང་ཚུལ། འདུལ་བྱེད་ཧེ་རུ་ཀའི་བྱོན་ཚུལ། དེས་དེ་ཇི་ལྟར་བཏུལ་པའི་ཚུལ་དང་གསུམ་ལས། དང་པོ་ནི། ནམ་བྱུང་བའི་དུས་ལ་མཁས་པ་རྣམས་མི་མཐུན་པ་མང་ཡང་། ཐོག་མར་ན་རོ་པའི་མན་ངག་གི་ལུགས་ལྟར་བཤད་ན། དུས་བཞི་ལས་རྩོད་དུས་ཀྱི་མགོ་རྩོམ་པའི་ཚེ་མི་རྣམས་ཕན་ཚུན་