R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡བ
[A:༤༡བ]མིག་སེར་ལ་བརྟེན་ནས་སེམས་ཅན་རྣམས་གཅིག་གིས་གཅིག་གསོད་པའི་ལས་བྱུང་ཞིང་། བསད་པའི་རོ་རྣམས་ཕྱོགས་མཚམས་བརྒྱད་དུ་བསྐྱལ་བས་དུར་ཁྲོད་བརྒྱད་ཆགས། དེར་རོ་ལ་ཁྲག་བྱུང་བའི་རླངས་པ་ནམ་མཁའ་ལ་སོང་བས་སྤྲིན་བརྒྱད་ཆགས། དེ་ལས་ཆར་བབས་པས་ཆུ་ཆེན་བརྒྱད་བྱུང་། ཆུའི་རླན་ལ་བརྟེན་ནས་ཤིང་ཆེན་བརྒྱད་སྐྱེས། ཤིང་བརྒྱད་ལ་ཕྱོགས་སྐྱོང་བརྒྱད་གནས། ཆུ་ཆེན་པོ་བརྒྱད་ལ་ཀླུ་ཆེན་བརྒྱད་གནས་ལ། དེ་ནས་གནས་ཉི་ཤུ་རྩ་བཞི་དང་། ཡུལ་སུམ་ཅུ་སོ་གཉིས་ཀྱང་རིམ་གྱིས་ཆགས་སོ། །དེའི་ཚེ་རི་རབ་ཀྱི་སྟེང་ན་དྲག་པོ་དབང་ཕྱུག་ཆེན་པོ་སྐུ་མདོག་ནག་པོ་ཞལ་གཅིག་པ། ཕྱག་བཅུ་གཉིས་པ། གཅེར་བུ་ལུས་ལ་ཐལ་བས་བྱུགས་པ། རལ་པའི་ཅོད་པན་ཅན། ཡུམ་ལྷ་མོ་ཨུ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མས་འཁྱུད་པ་ཞིག་བྱུང་ངོ་། འདི་ལ་ཐུགས་གསུང་སྐུ་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པ་བཞི་ལས། ཐུགས་ཀྱི་སྤྲུལ་པ་ནམ་མཁའ་ལ་ལྷའི་གཙོ་བོ་བཞི་ཆུང་མ་དང་བཅས་པ་བྱུང་ནས། ཤར་ཕྱོགས་པུ་ལ་རི་མ་ལ་ཡ། བྱང་ཛ་ལནྡྷ་ར། ནུབ་ཨོ་ཌི་ཡ་ན། ལྷོ་ཨརྦུ་ཏ་དང་བཞི་བཟུང་ཞིང་། གནས་སམ་ཡུལ་དེ་བཞི་ལ་ལྷའི་སྐད་དུ་གནས་ཞེས་བྱའོ། །ཡང་ལྷའི་གཡོག་པོ་དྲི་ཟ་བཞི་ཆུང་མ་དང་བཅས་པ་བྱུང་སྟེ། ཤར་ལྷོ་གོ་ཏ་ཝ་རི། ལྷོ་ནུབ་ར་མི་ཤྭ་ར། ནུབ་བྱང་དེ་ཝི་ཀོ་ཊ། བྱང་ཤར་མ་ལ་བ་སྟེ་མཚམས་བཞི་བཟུང་ངོ་། །དེ་བཞི་ལ་དྲི་ཟའི་སྐད་དུ་ཉེ་བའི་གནས་ཞེས་བྱའོ། །དེ་བརྒྱད་ནི་དབང་ཕྱུག་གི་ཐུགས་ཀྱི་སྤྲུལ་པ་སྟེ་ནམ་མཁའ་ལ་སྤྱོད་པས་མཁའ་