[A:༤༢བ]སྟེ། གནས་དེ་གཉིས་ལ་ལྷ་མ་ཡིན་གྱི་སྐད་དུ་དུར་ཁྲོད་ཅེས་བྱའོ། །ཡང་ལྷ་མ་ཡིན་གྱི་བྲན་གཡོག་གཉིས་ཆུང་མ་དང་བཅས་པ་བྱུང་ནས་ནུབ་བྱང་མ་རོ་དང་། བྱང་ཤར་ཀུ་ལུ་ཏ་གཉིས་བཟུང་སྟེ། དེ་གཉིས་ལ་ལྷ་མ་ཡིན་གྱི་སྐད་དུ་ཉེ་བའི་དུར་ཁྲོད་ཅེས་བྱ་ཞིང་། དེ་རྣམས་ནི་དབང་ཕྱུག་གི་སྐུའི་སྤྲུལ་པ་སྟེ་ས་འོག་ནས་འཛམ་བུའི་གླིང་དུ་སྤྱོད་པས་ན་ས་འོག་ན་སྤྱོད་པའི་འཇིགས་བྱེད་བརྒྱད་ཅེས་བྱའོ། །ཡང་དབང་ཕྱུག་དེས་ཡོན་ཏན་ལས་ཐུན་མཚམས་ཀྱི་ཡུམ་བཞི་སྤྲུལ་ཏེ། དེ་ཡང་མདུན་དུ་སྒྲ་གཅན་མ་སྔོན་མོ། གཡོན་དུ་ཉེ་བའི་སྒྲ་གཅན་མ་ལྗང་ཁུ། རྒྱབ་ཏུ་མུན་པ་མ་དམར་མོ། གཡས་སུ་ཉེ་བའི་མུན་པ་མ་སེར་མོ་རྣམས་སྤྲུལ། ཡང་དེས་འཕྲིན་ལས་ལས་ཐུན་མཚམས་ཀྱི་མ་མོ་བརྒྱད་སྤྲུལ་ཏེ། ཤར་དུ་ཁྭ་གདོང་མ་སྔོན་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། མཚམས་བཞིར་མིའི་གདོང་ཅན་ཕྱེད་གཟུགས་མ་བཞི་སྤྲུལ་ཞིང་། དེ་རྣམས་ཀྱི་ནང་ནས་ཐུགས་ཀྱི་སྤྲུལ་པ་བརྒྱད་ཞེ་སྡང་ཤས་ཆེ་བས་ཁ་དོག་ཀྱང་ནག་པོ། གསུང་གི་སྤྲུལ་པ་བརྒྱད་འདོད་ཆགས་ཤས་ཆེ་བས་ཁ་དོག་ཀྱང་དམར་པོ། སྐུའི་སྤྲུལ་པ་བརྒྱད་གཏི་མུག་ཤས་ཆེ་བས་ཁ་དོག་ཀྱང་དཀར་པོ། ཡོན་ཏན་གྱི་སྤྲུལ་པ་བརྒྱད་ང་རྒྱལ་དང་། སེར་སྣ་ཤས་ཆེ་བས་རང་རང་གི་མདོག་ལ་སོ་མདངས་ཆེ་བ། འཕྲིན་ལས་ཀྱི་སྤྲུལ་པ་བརྒྱད་ཕྲག་དོག་ཤས་ཆེ་བས་ཁ་དོག་སྣ་ཚོགས་པའོ། །དེ་ལྟར་སྤྲུལ་པའི་དྲག་པོ་དབང་ཕྱུག་ཉི་ཤུ་རྩ་བཞི་པོ་དེ་དག་མཐུ་ཆེ་བ། རྩལ་དྲག་པས་ཕན་ཚུན་གཅིག་འོག་ཏུ་གཅིག་མ་འདུ་བར་