R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣ན
[A:༤༣ན]ཐུན་མོང་དུ་དཔོན་གཅིག་དགོས་སོ་ཞེས་གླེང་བ་ན། རི་རབ་ཀྱི་རྩེ་ན་དྲག་པོ་དབང་ཕྱུག་ཆེན་པོ་བཞུགས་ཏེ་དེ་ལ་ཞུས་པས། དེ་ལྷ་མོ་ཨུ་མ་དང་རྒྱུན་དུ་སྙོམས་པར་འཇུག་ཅིང་། ཐུན་མཚམས་སུ་ཡང་མ་མོ་བཅུ་གཉིས་དང་སྙོམས་པར་འཇུག་པས་མི་ཁོམ་སྟེ། དེ་རྣམས་ལ་མཆོད་པའི་རྟེན་དུ་རྡོའི་རང་བྱུང་གི་ལིང་ག་ཉི་ཤུ་རྩ་བཞི་བྱིན་ཏེ། དེ་ཡང་པུ་ལི་ར་མ་ལ་ཡར་མགོ་བོ་ལྟ་བུའི་ལིང་ག་ནས། ཀུ་ལུ་རར་པུས་མོ་ལྟ་བུའི་ལིང་གའི་བར་ཏེ། དེ་ལྟར་ན་ཡུལ་ཉི་ཤུ་རྩ་བཞི་ན་རང་བྱུང་གི་ལིང་ག་ཉི་ཤུ་རྩ་བཞི་གནས་སོ། །དེ་དག་གིས་ཀྱང་དེ་རྣམས་ལ་དུས་གསུམ་དུ་མཆོད་པ་བྱེད་དོ། །དེའི་ཚེ་དབང་ཕྱུག་རྣམས་ཀྱིས་འཛམ་བུ་གླིང་གི་སྐྱེ་དགུ་ཐམས་ཅད་མ་རུངས་པར་བྱས་ཏེ། ཞེ་སྡང་ཤས་ཆེ་བས་ཟས་སུ་མི་ཤ་བཟའ། སྐོམ་དུ་མི་ཁྲག་འཐུང་། གོས་སྟན་མི་ལྤགས་ཀྱི་གཡང་གཞི་ལ་བྱས། མིའི་རུས་པས་རྒྱན་དྲུག་བྱས་སོ། འདོད་ཆགས་ཤས་ཆེ་བས་སྤྱོད་ལམ་རྣམ་པ་བཞིར་འདོད་ཆགས་ཀྱིས་ཀུན་ཏུ་སྤྱོད་པ་བྱེད་ཅིང་། གཏི་མུག་ཤས་ཆེ་བས་འདོད་ཡོན་ལྔ་རང་དགར་སྤྱོད། ལས་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པས། རང་ལོག་པའི་ལམ་ལ་གནས་ནས། གཞན་དག་ཀྱང་ལོག་པའི་ལམ་ལ་འཇུག་པར་བྱེད་དོ། །ང་རྒྱལ་ཤས་ཆེ་བས་དྲེགས་པའི་རློམ་ཚིག་སྨྲས་ཤིང་། དེ་ལྟར་དུག་གསུམ་ལ་ཀུན་ཏུ་སྤྱོད་ཅིང་འཛམ་བུ་གླིང་གི་སྐྱེ་དགུ་ཐམས་ཅད་དབང་དུ་བསྡུས་ཤིང་གནས་སོ། །གཉིས་པ་འདུལ་བྱེད་ཧེ་རུ་ཀ་བྱོན་པའི་ཚུལ་ནི། དེ་ལྟར་དྲག་པོ་དབང་ཕྱུག་གཙོ་འཁོར་དག་གིས་འཇིག་རྟེན་གྱི་ཁམས་མ་རུངས་པར་བྱས་པ་དེའི་ཚེ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན་བཞུགས་པའི་ལོངས་སྐུ་རྒྱུའི་