R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣བ
[A:༤༣བ]ཧེ་རུ་ཀ་དེས། དབང་ཕྱུག་འཁོར་བཅས་འདུལ་དགོས་ཤིང་དུས་ལ་ཡང་བབ་པར་མཁྱེན་ཏེ། འདུལ་ཐབས་ཇི་ལྟར་རིགས་དགོངས་པ་ན། གཞན་གང་གིས་ཀྱང་མི་ཐུལ་ཞིང་། རང་མིང་དང་ཆ་ལུགས་སོགས་མཐུན་པས་འདུལ་ནུས་པར་དགོངས་ཏེ། དགོངས་པ་སྣ་ཚོགས་པ་དམ་ཚིག་ཆེན་པོ་རྣམ་པར་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུའི་བ་སྤུའི་བུ་ག་ནས་དཀྱིལ་འཁོར་སྣ་ཚོགས་པ་གླིང་བཞི་བྱེ་བ་ཕྲག་བརྒྱར་སྤྲོས་ཤིང་། ཁྱད་པར་དུ་རི་རབ་ཀྱི་རྩེ་མོར་སྤྲུལ་སྐུ་འབྲས་བུའི་ཧེ་རུ་ཀ་གཙོ་འཁོར་དྲུག་ཅུ་རྩ་གཉིས་སྤྲུལ་པ་ཡིན་ཏེ། དེ་ཡང་དབང་ཕྱུག་དང་ཨུ་མའི་གཉེན་པོར་གཙོ་བོ་ཡབ་ཡུམ་གཉིས། ཐུན་མཚམས་ཀྱི་མ་མོ་བཞིའི་གཉེན་པོར་སྙིང་པོའི་རྣལ་འབྱོར་མ་བཞི། དྲག་པོ་འཇིགས་བྱེད་ཉེར་བཞི་ཆུང་མ་དང་བཅས་པའི་གཉེན་པོར་ཐུགས་གསུང་སྐུའི་དཔའ་བོ་ཉེར་བཞི་ཡུམ་དཔའ་མོ་ཉེར་བཞི་དང་བཅས་པ། མ་མོ་བརྒྱད་ཀྱི་གཉེན་པོར་སྒོ་མཚམས་མ་བརྒྱད་རྣམས་སྐུ་མདོག་དང་ཞལ་ཕྱག་སོགས་གདུལ་བྱ་དང་མཐུན་པར་སྤྲུལ་པ་ཡིན་ཏེ། རྣལ་འབྱོར་མ་སྙིང་པོའི་རྒྱུད་ལས། གདུལ་བྱའི་མིང་ནི་འདུལ་བྱེད་ལ་གྲགས་འགྱུར། །ཞེས་གསུངས་པས་སོ། །གསུམ་པ་དེས་དེ་ཇི་ལྟར་བཏུལ་བའི་ཚུལ་ནི། རྒྱུད་དེ་ཉིད་ལས། དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་ཡང་། །འཇུག་ཅིང་དབང་བྱས་ལོངས་སྤྱོད་ཐིམ་པར་སྤྱད། །ཅེས་གསུངས་པ་ལྟར། ལོངས་སྤྱོད་པ་དང་། ཐིམ་པ་དང་། དབང་དུ་བྱས་པ་གསུམ་གྱི་སྒོ་ནས་འདུལ་བར་མཛད་པ་ཡིན་པས། དེའི་དང་པོ་ལོངས་སྤྱོད་པ་ནི། དྲག་པོ་འཇིགས་བྱེད་འཁོར་དང་བཅས་པས་ཁ་ཟས་དང་བཏུང་བ་ཤ་དང་ཁྲག་དྲོན་མོ་ལ་བྱེད་པ་