R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤ན
[A:༤༤ན]རྣམས་ཧེ་རུ་ཀ་གཙོ་འཁོར་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོར་ལོངས་སྤྱད་དེ་གསོལ་བས་དཔལ་ཁྲག་འཐུང་གི་ལྷ་ཚོགས་ཞེས་གྲགས་སོ། །རུས་པའི་རྒྱན་དང་མི་ལྤགས་ཀྱི་གོས་སོགས་འཕྲོགས་ཏེ་རྒྱན་གོས་སུ་མཛད་པས་ཧེ་རུ་ཀའི་ཆས་དྲུག་ཅེས་གྲགས་པ་དེ་ཡིན་ནོ། །གཉིས་པ་ཐིམ་པ་ནི། དྲག་པོ་དབང་ཕྱུག་འཁོར་དང་བཅས་པ་ཚར་བཅད་དེ་རྣམ་པར་ཤེས་པ་འོད་གསལ་དུ་བསྟིམས་པས། སླར་ཡང་རྗེས་སུ་བཟུང་བས་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་ཞེས་བྱ་བར་ལུང་སྟོན་པར་མཛད་དོ། །གསུམ་པ་དབང་དུ་བྱ་བ་ནི། འཇིག་རྟེན་གྱིས་ཐུ་བོ་ཆེ་དྲག་པོ་འཁོར་དང་བཅས་པ་བཅོམ་པའི་བརྡར། དེ་ཐམས་ཅད་ཀྱི་ལུས་ཧེ་རུ་ཀ་འཁོར་དང་བཅས་པའི་གདན་དུ་མཛད་པ་ཡིན་ཏེ། ཐམས་ཅད་ཀྱང་ཡི་དྭགས་ཀྱི་གདན་ལ་བཞུགས་པའོ། །ཞེས་དང་། རྩ་རྒྱུད་ལས། ཡི་དྭགས་ཆེན་པོ་གདན་དུ་བྱས། །ཞེས་གསུངས་པས་སོ། །དེ་ཡང་ཧེ་རུ་ཀ་ཡབ་ཡུམ་གྱིས་འཇིགས་བྱེད་དུས་མཚན་གདན་དུ་མཛད། སྙིང་པོའི་རྣལ་འབྱོར་མ་བཞིས་སྒྲ་གཅན་མ་སོགས་ཡབ་ཡུམ་བཞི་གདན་དུ་བཏིངས། འཁོར་ལོ་གསུམ་གྱི་དཔའ་བོ་ཉེར་བཞིའི་འཇིགས་བྱེད་ཉེར་བཞི་ཆུང་མ་དང་བཅས་པ་གདན་དུ་མཛད། སྒོ་མཚམས་མ་བརྒྱད་ཀྱིས་ཐུན་མཚམས་ཀྱི་མ་མོ་མིའམ་ཅིའི་བུ་མོ་བརྒྱད་གདན་མཛད་པ་ཡིན་ནོ། །དེ་ལྟར་གདུལ་བྱ་དང་། འདུལ་བྱེད་འདུལ་ཚུལ་དེ་དག་དྲང་དོན་དུ་ཡིན་གྱི། ངེས་པའི་དོན་དུ་སངས་རྒྱས་ཀྱི་ཡེ་ཤེས་གཅིག་གིས་བསྡུས་པའི་ཆོ་འཕྲུལ་ཡིན་པས་ཐ་དད་པ་མ་ཡིན་ཏེ། འདུས་པར། སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་སྟོན་པ་དབང་ཕྱུག་ཆེ། །ཐུགས་ཀྱི་སྟོན་པ་ཁྱབ་འཇུག་