R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤བ
[A:༤༤བ]ཡིན། །ཞེས་བཤད་པ་ལྟར། འཇིགས་བྱེད་འཁོར་བཅས་ནི་དབང་ཕྱུག་གི་སྤྲུལ་པ། དབང་ཕྱུག་ནི་རྡོ་རྗེ་འཆང་གི་སྤྲུལ་པ། འདུལ་བྱེད་འཁོར་གྱི་ལྷ་ཚོགས་རྣམས་ནི་ཧེ་རུ་ཀའི་སྤྲུལ་པ། ཧེ་རུ་ཀ་ནི་རྡོ་རྗེ་འཆང་གི་སྤྲུལ་པ་སྟེ། མདོར་ན་དེ་ཐམས་ཅད་ངེས་དོན་དུ་རྡོ་རྗེ་འཆང་གི་ངོ་བོའི་རང་བཞིན་ཡིན་ནོ། །ཡང་འཁོར་ལོ་བདེ་མཆོག་གི་ཆོས་འབྱུང་འགའ་ཞིག་ལས། སྤྲུལ་པ་བྱུང་ཚུལ་གོང་དང་འདྲ་བ་ལ་གཙོ་བོ་དབང་ཕྱུག་ཆེན་པོ་ལ་ཞི་བའི་སྐུ་ལག་པ་བཞི་པ་ཁ་དོག་དཀར་པོ། ཆུང་མ་དཀར་མོ་དང་སྙོམས་པར་སྦྱོར་བ་རི་རབ་ཀྱི་དབུས་ན་གནས། རྒྱས་པའི་སྐུ་སེར་པོ་མགོ་བོ་བརྒྱད་པ་ཆུང་མ་རལ་གཅིག་མ་དང་སྙོམས་པར་འཇུག་པ་རི་རབ་ཀྱི་ཤར་ན་གནས། དབང་གི་སྐུ་དམར་པོ་ཆུང་མ་དམར་མོ་དང་སྙོམས་པར་འཇུག་པ་གཞན་འཕྲུལ་དབང་བྱེད་ན་གནས། མངོན་སྤྱོད་ཀྱི་སྐུ་དྲག་པོ་འཇིགས་བྱེད་ནག་པོ་ཆུང་མ་དང་སྙོམས་པར་འཇུག་པ་འཛམ་བུ་གླིང་གི་དབུས་མ་ག་དྷ་ན་གནས་པར་བཤད་ཅིང་། འདུལ་བྱེད་ཧེ་རུ་ཀ་བྱོན་ཚུལ་ལ། དུས་དེའི་ཚེ་རྡོ་རྗེ་འཆང་ཆེན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་མངོན་བྱང་ལྔས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་སྐུ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ངང་ལས་གསང་བ་མཆོག་གི་གནས་འོག་མིན་གྱི་ཕོ་བྲང་དུ་འཁོར་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཚད་མེད་པ་འདུས་པ་ལ་འོད་གསལ་ལྷན་ཅིག་སྐྱེས་པའི་ཆོས་བསྟན་ཏོ། །དེ་ནས་འཇིགས་བྱེད་འཁོར་བཅས་འདུལ་བའི་དུས་ལ་བབ་པར་དགོངས་ནས་སྤྲུལ་སྐུ་འབྲས་བུའི་ཧེ་རུ་ཀར་བཞེངས་ཏེ་རི་རབ་ཀྱི་རྩེ་མོར་བྱོན་པ་ལ། མི་བསྐྱོད་པས་གཞལ་ཡས་ཁང་