[A:༤༦ན]དུ་བཅུག་ནས་ལྷ་སོ་སོའི་སྔགས་སུ་བྱིན་གྱིས་བརླབས་པའོ། །སེམས་དབང་དུ་བྱེད་པ་ནི། གདུལ་བྱེད་དེ་རྣམས་ཀྱི་སེམས་རྣམ་པར་མི་རྟོག་པའི་ངང་དུ་བརྒྱལ་བར་བྱས་པའོ། །ལོངས་སྤྱོད་པ་ནི། བཙུན་མོ་རྣམས་ལ་དགའ་བ་བཞིས་ལོངས་སྤྱད། རུས་པའི་རྒྱན་འཕྲོགས་ཏེ་སྐུ་ལ་གསོལ། ལོངས་སྤྱོད་འཕྲོགས་ཏེ་ཚོགས་ཀྱི་འཁོར་ལོར་རོལ། ལག་ཆ་འཕྲོགས་ཏེ་ཕྱག་མཚན་དུ་མཛད། རོ་གདན་སོགས་འཕྲོགས་ཏེ་གདན་དུ་བཏིངས། འདུག་པའི་ཡུལ་འཕྲོགས་ཏེ་ཕོ་བྲང་དུ་བྱས་པའོ། །ཐིམ་པ་ནི། རྣམ་པར་དག་པ་སྲོག་ཐིམ་པ་སྟེ་སྤངས་པ་ཕུན་སུམ་ཚོགས་པ་དང་། སེམས་འོད་གསལ་དུ་འདྲེས་ནས་ཟུང་འཇུག་ཏུ་བཞེངས་པ་སེམས་ཐིམ་པ་སྟེ་རྟོགས་པ་ཕུན་སུམ་ཚོགས་པར་མཛད་པའོ་ཞེས་འབྱུང་ངོ་། །འོ་ན་གནས་ཉེར་བཞི་པོ་དེ་དག་ཡུལ་གང་དང་གང་ན་ཡོད་སྙམ་ན། རྩ་རྒྱུད་ལས། པུ་ལ་སོགས་པ་གང་བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །ཞེས་པ་ལྟར། སྤྱིར་ཡུལ་ཉེར་བཞི་ལ་ཕྱིའི་ཡུལ་ཉེར་བཞི། ནང་གི་ཡུལ་ཉེར་བཞི་གཉིས་སུ་ཡོད་པ་ལས། ཕྱི་མ་ནི་ནང་རྡོ་རྗེའི་ལུས་ལ་ཚངས་པའི་སྤྱི་བོ་དང་། སྤྱི་གཙུག རྣ་བ་གཡས་པ་དང་། ལྟག་པ། རྣ་བ་གཡོན་པ་དང་། སྨིན་མཚམས། མིག་གཉིས་དང་། ཕྲག་པ་གཉིས། མཆན་ཁུང་གཉིས་དང་། ནུ་མ་གཉིས། ལྟེ་བ་དང་། སྣ་རྩེ། ཁ་དང་། མགྲིན་པ། སྙིང་ཁ་དང་། འདོམས་བར། མཚན་མ་དང་། བཤང་ལམ། བརླ་གཉིས་དང་། བྱིན་པ་གཉིས། མཐེ་བོང་བཞི་དང་། པུས་མོ་གཉིས། སེར་མོ་བཅུ་དྲུག་དང་། བོལ་གོང་གཉིས་ཏེ་ཉེར་བཞི་པོ་འདི་དག་གོ །ཕྱིའི་ཡུལ་ཉེར་བཞི་ནི། པུ་ལ་