R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦བ
[A:༤༦བ]ར་མ་ལ་ཡ་སོགས་ཉེར་བཞི་སྟེ། ཡུལ་དང་པོ་འདི་ནི། རྒྱ་གར་ཤར་ཕྱོགས་བྷཾ་ག་ལའི་ལྷོ་མཚོ་མ་ལ་ཡའི་ཆུ་ཀླུང་གི་གནས་ཌ་ཁི་ཏ་འདུག་པའི་ས་ན་བསྒྲུབ་གནས་རྡོའི་ལིང་ག་མགོ་བོ་ལྟ་བུའི་མཚན་པ་ཡོད་པ་དེ་ཡིན་པར་བཤད་ལ། ཛ་ལནྡྷ་ར་ནི། གུ་གེའི་ནུབ་བྱང་ན་ཐོ་ལིང་གི་གཙང་པོ་ཤ་བ་རུ། གངས་གཙང་ཤའི་གཙང་པོ་པི་པ་ཤ་ན། ཤ་ལ་ཛའི་གཙང་པོ་མེ་ར་བེ་དང་གསུམ་འདུས་པའི་མདོ་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པར་བཤད་ཅིང་། དེའི་ཉེ་ལོགས་ན་རྡོའི་ལིང་ག་ཐོད་པ་ཁ་སྦུབས་པ་ལྟ་བུ་ཕྱོགས་གཅིག་ན་བུ་ག་དང་བཅས་པ་ཡོད་པའི་གནས་དེ་ཡིན་པར་གསུངས་ཤིང་། དེའི་ཉེ་འཁོར་ན་ཞིང་སྐྱོང་ལྷ་མོ་ཛྭ་ལ་མུ་ཁི་ཞེས་བྱ་བ་རྡོ་ལ་རང་འཁྲུངས་སུ་ཡོད་པ་ཁ་བུབས་སུ་ཉལ་བ་དེ་ལ་གཙུག་ལག་ཁང་བརྩིགས་པ་ཡང་ཡོད་པར་བཤད་ལ། དེ་ནས་རྒྱང་གྲགས་གཅིག་གི་ཕ་རོལ་ན་སྒྲུབ་པའི་གནས་བྲག་ཕུག་བརྒྱ། ཆུ་མིག་བརྒྱ། ཤིང་བརྒྱ་ཡོད་པའི་ཐད་ཀའི་བྲག་དཀྱིལ་ནས་ཆུ་འབབ་པ་དེ་ལ་མུ་སྟེགས་བྱེད་རྣམས་ཁྲུས་བྱེད་པ་ཞིག་ཡོད་པའི་གནས་དེ་ནི་ཨོ་ཌི་ཡ་ན་སྟེ། དེ་ཟུར་ཆག་པས་ཨུ་རྒྱན་ཞེས་གྲགས་པ་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱོན་པའི་ཡུལ་དེ་ཡིན་པར་གསུངས་སོ། །ཨརྦུ་ཏ་ནི། རྒྱ་གར་ལྷོ་ཕྱོགས་ན་རི་དབུས་མཐོ་ཞིང་མཐའ་དམའ་བ་འབྲང་རྒྱས་འདྲ་བ། ནགས་ཚལ་འཐུག་པོས་བསྐོར་བ་སྒྲུབ་པའི་གནས་ཉམས་དགའ་བ་ཞིག་ཡོད་པ་དེ་ཡིན་པར་བཤད་དོ། གོ་ཏ་ཝ་རི་ནི། བའི་མཆོག་སྦྱིན་ཞེས་བྱ་བ་སྟེ། བལ་ཡུལ་དུ་བ་དཀར་མོས་འོ་མས་མཆོད་སྦྱིན་བྱས་པའི་ཤུལ་དུ་བརྐོས་པས་དབང་ཕྱུག་ཆེན་པོའི་ལིང་ག་ཞིག་བྱུང་། དེ་རི་འབིགས་བྱེད་དང་ཉེ་བ་རྡོ་རྗེའི་གདན་