R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧ན
[A:༤༧ན]ནས་ཟླ་བ་ཕྱེད་ཕྱིན་པའི་སར་ཁྱེར་ཏེ་མཆོད་པས་སྒྲུབ་ཆུ་བྱུང་བའི་གནས་ལ་གྲགས་སོ། །ར་མེ་ཤྭ་ར་ནི། དགའ་བའི་དབང་ཕྱུག་སྟེ། ཤར་ཕྱོགས་རྒྱལ་པོ་དགའ་བའི་དབང་ཕྱུག་གི་གྲོང་ཁྱེར་ན་སྒྲུབ་གནས་རྡོའི་ལིང་ག་རྟའི་རྔོག་མ་ལྟ་བུའི་མཚན་མ་ཡོད་པ་དེའོ། །དེ་ཝི་ཀོ་ཊ་ནི་ལྷ་མོའི་རྫོང་སྟེ། ཤར་ཕྱོགས་བ་རེནྟྲའི་ས་ཕྱོགས་གྲོ་མོའི་ལྷོ་ཐད་ན་གྲོང་ཁྱེར་པཉྩ་པ་ཞེས་བྱ་བའི་ཕ་རོལ་རྒྱང་གྲགས་བཞིའི་ས་ན་དེ་ཝི་ཀོ་ཊའི་ལྷ་ཁང་ཡོད་ཅིང་ཡུལ་དེ་ན་གནས་ཆེན་པོ་དེ་ཡོད་པར་བཤད་པ་ཡིན་ཞིང་། མ་ལ་ཝ་ནི་ནུབ་ཕྱོགས་ན་ཕྲེང་བ་ཅན་ཞེས་བྱ་བའི་ཡུལ་ན་སྒྲུབ་གནས་རི་གཡས་གཡོན་གཉིས་མཐོ་བ་ཕྲག་པ་ལྟ་བུའི་གནས་དེ་ཉིད་དེ། དེ་རྣམས་ནི་མཁའ་སྤྱོད་ཀྱི་འཇིགས་བྱེད་བརྒྱད་ཀྱིས་བཟུང་བས་མཁའ་སྤྱོད་ཀྱི་གནས་ཞེས་བྱའོ། །ཀ་མ་རུ་པ་ནི། འདོད་པའི་གཟུགས་ཏེ་དམྱལ་གྱི་ལྷོ་ཐད་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད་ཅིང་། དེའི་ཕྱོགས་གཅིག་ན་སྒྲུབ་གནས་རྡོའི་ལིང་ག་མཆན་ཁུང་ལྟ་བུའི་མཚན་པའི་ཆོས་འབྱུང་མི་གང་ཙམ་གྱིས་མཐོ་བ་ཞིག་ཡོད་པ་དེ་ཡིན་པར་བཤད་ལ། ཨོ་ཊེ་ནི། ལྷོ་ཕྱོགས་རྒྱལ་པོ་ཤིང་རྟ་བཅུ་པའི་གནས་ན་རྡོའི་ལིང་ག་ནུ་མ་ལྟ་བུའི་མཚན་པའི་སྒྲུབ་གནས་ཡོད་པར་བཤད་པ་དེ་ཡིན་ཞིང་། ཏྲི་ཤ་ཀུ་ནེ་ནི། སྟག་གཟིག་གི་ཡུལ་ན་ཆུ་བོ་གངྒཱ་དང་། གན་ཏི་དང་། ས་རུ་པ་གསུམ་འདུས་པའི་མོད་ན་ངང་པ་ལ་སོགས་པའི་བྱ་སྐད་སྙན་པ་སྒྲོག་པའི་སྒྲུབ་གནས་རྡོའི་ལིང་ག་ལྟེ་བ་ལྟ་བུས་མཚན་པ་ཡོད་པ་དེ་ཡིན་པར་གསུངས་སོ། ཀོ་ས་ལ་ནི། རྒྱལ་པོ་གསལ་རྒྱལ་གྱི་ཡུལ་ཏེ། སྔོན་དགེ་བ་ཞེས་བྱ་བའི་བརྩིགས་པས་དགེ་བ་ཅན་ཞེས་བྱ་སྟེ། དེ་ནས་རྒྱང་གྲགས་གཅིག་གི་ཕ་རོལ་ན་