[A:༤༧བ]རྡོའི་ལིང་ག་སྣ་ལྟ་བུས་མཚན་པ་ཡོད་དོ། །ཀ་ལིང་ཀ་ནི། མང་ནང་གི་རྒྱབ། རྡོ་རྗེ་གདན་ནས་དཔག་ཚད་ཀྱི་ཚུ་རོལ་ན་གླང་པོ་འཛིན་པ་ཞེས་བྱ་བའི་སྒྲུབ་གནས་ཡོད་པ་དེའོ། ཡང་འགའ་ཞིག་ལས་རྡོ་རྗེ་གདན་ནས་དཔག་ཚད་དྲུག་ཅུ་ལྷོ་ནུབ་ཏུ་ཕྱིན་པའི་ས་ཐམས་ཅད་སྒྲོལ་གྱི་ཡུལ་ན་ཡོད་ཅེས་པ་ཡང་འབྱུང་ངོ་། །ལམྦ་ཀ་ནི། གར་ལོག་གི་རྒྱབ་བྲག་དང་ཆུ་འཐབ་པའི་འགྲམ་ན་སྒྲུབ་གནས་ཤིན་ཏུ་དབེན་པ་ཞིག་ཡོད་པ་དེའོ། །ཀན་ཙི་ནི། རྒྱ་གར་ལྷོ་ཕྱོགས་ཆོས་ཀྱི་གྲགས་པའི་ཡུལ་དང་ཉེ་བ་ན། གྲོང་ཁྱེར་གྱི་མཆོག་ཅེས་གྲགས་པ་སྔོན་དྷ་ར་ཀ་པའི་གྲུབ་པ་བརྙེས་པའི་ས་ཕྱོགས་ཏེ། དེ་ན་གསེར་གྱི་ལིང་ག་ལྟ་བུས་མཚན་པའི་སྒྲུབ་གནས་ཞིག་ཡོད་པ་དེ་ཡིན་ལ། ཧི་མ་ལ་ཡ་ནི། གངས་ཅན་ཏེ། ཁ་ཅིག་ཏི་ས་ན་རྡོའི་ལིང་ག་ཁྲུ་གང་ཙམ་གཅིག་ལས་ཆུ་འབབ་པ་དེ་ལ་ངོས་འཛིན། འགའ་ཞིག་བོད་སྤྱི་ལ་ངོས་འཛིན་པ་དག་ཡོད་ཀྱང་། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་བརྟག་གཉིས་ཀྱི་རྣམ་བཤད་དུ། ཧི་མ་ལ་ཡ། གངས་ཅན་ལ་གསུངས་པ་ལྟར་ངོས་གཟུང་བར་བྱའོ། །དེ་དག་ནི་ས་སྤྱོད་ཀྱི་འཇིགས་བྱེད་བརྒྱད་ཀྱིས་བཟུང་བས་ས་སྤྱོད་ཀྱི་གནས་ཞེས་བྱའོ། །པྲེ་ཏ་པུ་རི་ནི། ཁ་ཅིག་རྒྱ་གར་ན་ཡོད་པར་འདོད་ཀྱང་། པུ་ཧྲང་ན་ལུང་པ་ཞིག་གི་དབུས་ན་རྡོའི་ཕོ་མཚན་མི་གཟུགས་ཆེ་བ་ཙམ། དེའི་དཀྱིལ་ན་ཡར་ཆུ་ཚན་འཕྱུར་ནས་ཡོང་བའི་གནས་དེ་ཡིན་པར་བཤད་དོ། །གྲྀ་ཧ་དེ་ཝ་ནི། ལི་ཡུལ་ལྕང་ར་སྨུག་པོ་ན་རྡོའི་ལིང་ག་སྙིང་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད་པ་དེ་ཉིད་དོ། །སཽ་ར་ཊ་ནི། ཡུལ་འཁོར་བཟང་པོ་ཅན་ཞེས་བྱ་སྟེ། རྡོ་རྗེ་གདན་ནས་ནུབ་ཕྱོགས་སུ་ཟླ་བ་ཕྱེད་དང་གསུམ་ཕྱིན་པ་ན། སོ་མ་ཐིའི་རྟེན་ཡོད་པ་དེ་ཡིན་ནོ། །