R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨ན
[A:༤༨ན]སུ་ཝརྣ་དེ་བ་ནི། གསེར་གླིང་སྟེ་གསེར་གླིང་རྒྱལ་པོའི་གླིང་ཆུང་ཞིག་ཡིན་ནོ། །ན་ག་ར་ནི། ནུབ་ཕྱོགས་ན་ག་རའི་ཡི་གེ་འབྱུང་བའི་ཡུལ་དེ་ན་ཡོད་པར་བཤད་ལ། སིནྡྷུ་ནི་ཆུ་བོ་ཆེན་པོ་སིནྡྷུ་ར་འབབ་པའི་སའི་ཆ་རྒྱ་གར་ལྷོ་ཕྱོགས་ན་ཡོད་པར་བཤད། མ་རོ་ནི། ཛ་ལནྡྷ་ར་དང་ཉེ་བའི་བྱང་ཕྱོགས་ན་བྲག་ཕུག་ཅིག་ན་རྡོའི་མཚན་མ་རྐང་པའི་མཐེ་བོང་ལྟ་བུ་འཕྲུལ་བ་ལ། སྟོན་པས་མི་འཐོན་པ་ཤིན་ཏུ་འཇིགས་པར་གྲགས་པའི་གནས་ཤིག་ཡོད་པར་བཤད་པ་དེའོ། །ཀུ་ལུ་ར་ནི། གར་ཤའི་རྒྱབ་ཉུང་རའི་ཕུག་ན་རྡོའི་ལིང་ག་པུས་མོ་ལྟ་བུས་མཚན་པའི་སྒྲུབ་གནས་ཕུག་པ་ཐུར་དུ་བརྐོས་པའི་རིང་པོ་ཞིག་ཡོད་པ་དེ་ཡིན་ནོ། །དེ་རྣམས་ནི་ས་འོག་ན་སྤྱོད་པའི་འཇིགས་བྱེད་བརྒྱད་ཀྱིས་བཟུང་བས་ས་འོག་ན་སྤྱོད་པའི་གནས་ཞེས་བྱའོ། །དེ་ལྟར་འཇིགས་བྱེད་ཉེར་བཞིའི་གནས་ཉེར་བཞི་པོ་དེ་དག་ལ་ཕྱིའི་ཡུལ་ཆེན་ཉེར་བཞི་ཞེས་བྱ་བར་ཡོངས་སུ་གྲགས་པ་ཡིན་ནོ། །གཉིས་པ་བྱོན་ནས་བསྟན་པ་དམ་ཆོས་ཇི་ལྟར་གསུངས་པའི་ཚུལ་ལ། ཐུན་མོང་བ་ཕ་རོལ་ཏུ་ཕྱིན་པའི་ཆོས་འཁོར་བསྐོར་ཚུལ་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཚུལ་གཉིས་ལས། དང་པོ་ནི། གོང་དུ་བསྟན་པ་ལྟར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། ཐོག་མར་ཡུལ་ཝ་ར་ན་སིར། དུས་ལོ་བདུན་ནམ་དྲུག་ཏུ། འཁོར་ལྔ་སྡེ་དང་གཞན་ཡང་ལྷའི་འཁོར་མང་པོ་ལ། ཆོས་བདེན་པ་བཞི་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ། དངོས་ཀྱི་དགོས་པ་ལྔ་སྡེ་