R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨བ
[A:༤༨བ]བདེན་པ་ལ་འགོད་པ་དང་། བརྒྱུད་པའི་དགོས་པ་གདུལ་བྱ་གང་ཟག་ཏུ་འཛིན་པ་ལས་ལྡོག་ནས་འབྲས་བུ་བཞི་ལ་འགོད་པའི་ཕྱིར་དུ་ལེགས་པར་བསྐོར་བ་ཡིན་ལ། དེ་ནི་བཀའ་བདེན་པ་བཞིའི་ཆོས་འཁོར་ཏེ་དྲང་དོན་གཙོ་ཆེ་བ་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ལ་གཙོ་བོར་གསུངས་པ་ཡིན་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ན་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། ཞེས་གསུངས་པས་སོ། །དེ་ནས་ཡང་ཡུལ་ཝ་ར་ན་སི་དང་ཉེ་བའི་གནས་བྱ་རྒོད་ཕུང་པོའི་རི་ལ། འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་འམ་ལྔ་སྟོང་གི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་མ་དང་། བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ལ་སོགས་པ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ། ཆོས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས་ཏེ། ཤེར་ཕྱིན་གྱི་མདོ་ལ་སོགས་པ་ངེས་དོན་གཙོ་ཆེ་བའི་མདོ་རྣམས་སོ། །དགོས་པ་གདུལ་བྱ་རྣམས་གང་ཟག་དང་། ཆོས་སུ་ལྟ་བ་ཐམས་ཅད་ལས་ལྡོག་ནས་བགྲོད་པ་གཅིག་པའི་ལམ་སྟོང་ཉིད་དུ་ཚུལ་