R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩བ
[A:༤༩བ]ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། ཞེས་གསུངས། འདི་ནི་དབུ་མ་པ་རྣམས་དགོངས་པ་ཅན་དུ་འཆད་དོ། །དེའི་རྗེས་སུ་སླར་ཡང་བཅོམ་ལྡན་འདས་ཀྱིས། གནས་རི་མ་ལ་ཡ་དང་། ཡངས་པ་ཅན་ལ་སོགས་པར། འཁོར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་གང་ཟག་རྣམས་ལ། ཆོས་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ། དགོས་པ་འཁོར་ལོ་དང་པོས་མེད་པར་ལྟ་བ་ལྡོག་ནས་ཡོད་རྟོག་ཤས་ཆེ་བར་གྱུར་པ་ན་ཀུན་བཏགས་མེད་ཅིང་། གཞན་དབང་ཀུན་རྫོབ་ཏུ་ཡོད་པ་དང་། ཡོངས་གྲུབ་གཉིས་དོན་དམ་དུ་ཡོད་པར་བསྟན་པས་མཐའ་གཉིས་སུ་འཛིན་པ་ལྡོག་པའི་ཆེད་དུ་གསུངས་པ་ཡིན་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་གསུངས་པས་སོ། །དེ་ལྟར་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཆོས་འཁོར་དང་པོ་གཉིས་དྲང་དོན་དང་། ཐ་མ་ངེས་དོན་ཡིན་པར་བཤད་པ་འདི་ནི། རྣམ་རིག་རྩལ་དུ་པ་སྟོན་སེམས་ཙམ་པའི་གྲུབ་མཐའ་ལ་དགོངས་པ་ཡིན་གྱི། དབུ་མ་པ་དག་གི་ལུགས་དང་མི་མཐུན་པས་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་མདོ་དེ་སྒྲ་ཇི་བཞིན་པའི་དོན་ནི་འཐད་ལྡན་དུ་མི་བཞེད་དོ། །ཆོས་འཁོར་རིམ་ཅན་དུ་གསུངས་ཚུལ་དེ་ཡང་། རིན་ཆེན་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ། །ཞེས་གསུངས་པ་ལྟར་གདུལ་བྱ་རིམ་གྱིས་དྲང་དགོས་པ་རྣམས་ཀྱི་དོན་དུ་གསུངས་པའི་ལུགས་ཡིན་ལ། དོན་དམ་པར་ན་བཅོམ་ལྡན་འདས་ཀྱི་གསུང་གཅིག་ཉིད་ཀྱིས། དུས་གཅིག་ཉིད་ལ་གདུལ་བྱ་ཐ་དད་པ་དུ་མ་ལ་ཆོས་ཐ་དད་པ་དུ་མ་གསུངས་པའི་སྣང་བ་ཅིག་ཆར་དུ་བསྟན་པ་ཡིན་ཏེ། དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུག་མེད་པ། །ཡིད་འོངས་རྡོ་རྗེའི་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གི་ན། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་པ་དང་། གཞན་ཡང་། གསུང་