[A:༥༠ན]གཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་གོ །ཞེས་གསུངས་པས་སོ། །དེས་ན་གདུལ་བྱ་རྣམས་ལ་དུས་གཅིག་ཉིད་དུ་བཅོམ་ལྡན་འདས་ཀྱི་གསུང་གཅིག་ཉིད་ཀྱིས་ཆོས་ཐ་དད་པ་དུ་མ་གསུངས་པ་ནི་གསུང་གི་བཀོད་པ་ཞེས་བྱ་བ་ཡིན་ལ། དུས་གཅིག་ལ་གནས་ཐ་དད་པར་སྐུ་ཐ་དད་པ་དུ་མ་སྟོན་པ་ནི་སྐུའི་བཀོད་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཚུལ་ལ། སྤྱིར་གསང་སྔགས་གསུངས་ཚུལ། ཁྱད་པར་དུ་འཁོར་ལོ་བདེ་མཆོག་གསུངས་པའི་ཚུལ་དང་གཉིས་ལས། དང་པོ་ནི། སྤྱིར་གསང་བ་འདུས་པའི་རྒྱུད་ལས། གསང་སྔགས་རྡོ་རྗེའི་ཐེག་པ་འདི་ད་ལྟར་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་ནས་གསུངས་ཀྱི། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་མི་འགྱུར་ཞེས་གསུངས་མོད་ཀྱང་། དེ་ནི་གསང་བ་འདུས་པ་སོགས་ཀྱི་ཆེ་བ་བརྗོད་པ་ཙམ་ཡིན་གྱི་ངེས་དོན་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་རྡོ་རྗེའི་ཐེག་པ་ལེགས་པར་གསུངས་པ་ཡིན་ཏེ། སྒྱུ་འཕྲུལ་དྲ་བ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་སོགས་གསུངས་ཤིང་། དེ་ལྟར་དུ་སློབ་དཔོན་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་ལས་གསུངས་པའི་དོན་བསྡུས་ནས། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚུལ་གསུམ་གསལ་རྒྱན་ལས། གལ་ཏེ་ཐུབ་པའི་སྔོན་དུ་སྔགས་ཀྱི་ལམ། །ཡོད་ན་འདུས་པའི་རྒྱུད་དང་འགལ་