R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠བ
[A:༥༠བ]སྙམ་ན། །དེ་ནི་ཆོས་དེའི་ཆེ་བ་བརྗོད་པ་ཙམ། །ཡིན་གྱི་གསང་སྔགས་ཐེག་པ་དུས་གསུམ་གྱི། །སངས་རྒྱས་ཀུན་གྱིས་གསུངས་པ་ངེས་པའི་དོན། །ཞེས་གསུངས་པ་ཡིན་ནོ། །དེའི་ནང་ནས་ཀྱང་སྟོན་པ་འདི་ཐོག་མ་མེད་པའི་དུས་སུ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་དུ་གྱུར་པའི་ཚེ། འཁོར་དེ་བཞིན་གཤེགས་པའི་ཚོགས་དང་། བྱང་ཆུབ་སེམས་དཔའ་བརྗོད་ཀྱིས་མི་ལང་བ་ལ་དུས་རྟག་ཏུ་རྒྱུན་མི་ཆད་པར་ཆོས་ཟབ་པ་དང་རྒྱ་ཆེ་བའི་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་བ་ཡིན་ཞིང་། དེ་ཡང་སངས་རྒྱས་མ་ཐག་ཏུ་དང་པོར་དེ་ཉིད་འདུས་པའི་རྒྱུད་གསུངས་པ་ཡིན་ཏེ། ཇི་སྐད་དུ་དེ་ཉིད་འདུས་པ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀུན་ཏུ་བཟང་པོའོ། །ཞེས་སོགས་དང་། སློབ་དཔོན་སངས་རྒྱས་གསང་བས་དེ་ཉིད་སྣང་ཆེན་ལས་ཀྱང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འོག་མིན་གྱི་གནས་སུ་མངོན་པར་བྱང་ཆུབ་པ་སྔོན་དུ་མཛད་པའི་རྗེས་ཐོགས་ཉིད་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སོགས་ལ་ཐོག་མར་གསུངས་པ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ནས་གཞན་ཡང་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ནས། དེའི་རྗེས་སུ་རི་རབ་ཀྱི་རྩེ་མོ་ལ་སོགས་པ་རྣམས་སུ་སྤྲུལ་པ་མཆོག་གི་སྐུར་བསྟན་ནས་ཀྱང་། གདུལ་བྱ་དབང་ཕྱུག་ཆེན་པོ་སོགས་བཏུལ་ནས། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་པ་འདིས་མི་མཇེད་འཇིག་རྟེན་གྱི་ཁམས་