[A:༡༦༦ན] བྷྱོཿལས་བསྐྱེད་པ་འཇམ་ལུགས་དང་། དེའི་སྙིང་ཁར་ས་བོན་མྃ་ལས་བསྐྱེད་པ་རྩུབ་ལུགས་སོ། །གཉིས་པ་ཕྱི་པ་ལ་ཡང་འཇམ་རྩུབ་གཉིས་ཡོད་པར་བཤད། དམ་པས་མོ་རྐྱང་སྒྲུབ་ལུགས་བཞིའི་དབྱེ་བ་ཞེས་བཤད་པ་ཡང་། ཕྱི་ནང་ལ་འཇམ་རྩུབ་གཉིས་གཉིས་ཏེ་བཞི་པོ་འདི་ཙམ་ཡིན་པར་སེམས་སོ། །ཡུམ་འཁོར་དང་བཅས་པ་ཞེས་བཤད་པ་ནི། ལྷ་མོ་ཉིད་བཀའ་ཉན་གྱི་འཁོར་ཚོགས་མ་མོ་བཅུ་དགུ་དང་བཅས་ཏེ་བསྒྲུབ་པ་ལ་ཟེར་བ་ཡིན་ནོ། །འོན་ཀྱང་འདི་ནི་མོ་རྐྱང་དུ་འཁྲུལ་པར་མི་བྱ་སྟེ། མོ་རྐྱང་གི་དོན་ནི་གཉའ་གནོན་དུ་མགོན་པོ་ཡང་མེད། རང་གི་བཀའ་ཉན་གྱི་འཁོར་ཡང་མེད་པར་ལྷ་མོ་རྐྱང་པ་བསྒྲུབ་པ་ལ་བྱའོ། །ཕྱི་པ་དང་ནང་པའི་དོན་ལ་ཁ་ཅིག ཡུམ་ཆེན་གྱི་སྐུའི་ཕྱི་རུ་ལྷ་མོ་བསྐྱེད་པ་ལ་ཕྱི་པ་དང་། ནང་དུ་བསྐྱེད་པ་ལ་ནང་པ་ཞེས་པའི་ཐ་སྙད་ཟེར་བ་ནི་མི་འཐད་དེ། དམ་པ་