[A:༦ན]གྲུབ་མཆོད་མཛད། མཚན་མོ་རྗེ་ཉིད་སྐུ་རྐྱང་ལས་མེད་པས། བླ་མ་འདི་གཤེགས་པས་ཁོ་བོ་གཅིག་པུ་མགོན་དང་བྲལ་བ་ཡིན་པར་འདུག་དགོངས་ནས་ཤུམ་ཞིང་། སྐུ་གདུང་ལ་དབུ་གཏུགས་ནས་གདུང་གི་དྲུང་དུ་ཀྱཻ་རྡོར་རྒྱུད་གསུམ་བརྒྱ་ཚར་གཅིག་ཞལ་འདོན་མཛད་པ་ལ་སོགས་པའི་སྒོ་ནས་གསོལ་བ་དྲག་ཏུ་བཏབ་པས་ཐུགས་རབ་ཀྱི་མཚོ་རྡོལ་ཏེ་གསུང་རབ་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ་ཡིན་ཞེས་ཐོས་སོ། །སླར་ཡང་བླ་མ་དམ་པ་འདི་ཉིད་ཀྱི་དམ་ཆོས་འཚོལ་བ་ལ་ངོམ་པ་མེད་པར་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་མུས་ཆེན་སེམས་དཔའ་ཆེན་པོ་སངས་རྒྱས་རིན་ཆེན་དཔལ་བཟང་པོའི་ཞབས་ལ་གཏུགས་ཏེ། ལོ་ངོ་བརྒྱད་ཀྱི་བར་དུ་ལུས་དང་གྲིབ་མ་ལྟར་འགྲོགས་ནས། དཔལ་ཨེ་ཝཾ་ཆོས་ལྡན་དང་། མུས་རྟ་མོ་གླིང་དགའ་སོགས་གང་བཞུགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་དམ་པ་འདི་ཉིད་དམ་པའི་ཆོས་ཀྱི་སྣོད་དུ་གཟིགས་ནས་བུ་གཅིག་པ་ལ་བརྩེ་བའི་མ་ལྟར་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། བཀའ་ཆོས་བསམ་གྱིས་མི་ཁྱབ་པ་བཀའ་དྲིན་བསྐྱངས་པ་ཡིན་ལ། ངོར་དུ་བཞུགས་སྐབས་རྗེ་བཙུན་སངས་རྒྱས་རིན་ཆེན་པའི་གསོལ་ལྷུང་གསོལ་བ་དང་བཅས་པ་གནང་སྟེ། ཁྱེད་འདིར་བསྡོད་རྟག་པར་གྱིས་ཤིག ཁྱེད་ལ་དགོན་པ་འདིར་འཕྲིན་ལས་ཆེན་པོ་ཞིག་ཡོང་བ་ཡིན་ནོ་གསུངས་ཏེ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ཏུ་ལུང་བསྟན་པ་དང་། རྟ་མོ་གླིང་དགར་ཡུན་རིང་བཞུགས་པའི་སྐབས། དེ་