[A:༦བ]ཕྱོགས་ཀྱི་གྲྭ་པ་རྣམས་ཀྱི་འདིར་བཞུགས་ན་འཕྲིན་ལས་ཆེན་པོ་ཡོང་ཞེས་མུས་ཕྱོགས་སུ་བཞུགས་སུ་རེ་བའི་ཞུ་ཆ་མང་པོ་ཕུལ་བ། རྗེ་བཙུན་སངས་རྒྱས་རིན་ཆེན་པས་གསན་ཏེ། ཁྱེད་ཀྱི་བསྡོད་ས་དང་འཕྲིན་ལས་ཡོང་ས་ཨེ་ཝཾ་ཆོས་ལྡན་ཡིན་གསུངས་ནས་གནང་སྦྱིན་བསླབ་བྱ་དཔག་མེད་དང་བཅས་ཏེ་དེ་འཕྲལ་ངོར་དུ་རྫོང་ཐར་མཛད་པ་ཡིན་ནོ། །བླ་མ་དམ་པ་འདི་ཉིད་ཀྱིས་རྗེ་བཙུན་སངས་རྒྱས་རིན་ཆེན་པའི་དྲུང་དུ་སོ་སོར་ཐར་པའི་སྡོམ་པ་དང་རྗེས་སུ་འབྲེལ་བའི་ཆོས་གསན་ཚུལ་ནི། དགེ་ཚུལ་གྱི་བརྟུལ་ཞུགས་ལ་གནས་ཀྱང་བསྟན་པ་ལ་ཞུགས་ལ་མ་རྫོགས་པ་ཡིན་པས་གཞན་གྱི་མཁན་པོ་དང་སློབ་དཔོན་ལ་མི་དབང་བ་ཡིན་པ་དང་། རྟེན་ལ་གསུམ་སྟེ་དགེ་སློང་མཆོག །ཅེས་གསང་སྔགས་རྡོ་རྗེ་འཛིན་པའི་སྡོམ་པའི་རྟེན་ཏུ་དགེ་སློང་མཆོག་ཏུ་བསྔགས་པ་དང་། ངུར་སྨྲྀག་འཛིན་པ་སྲས་ཀྱི་མཆོག །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་སོགས་ཀྱི་དོན་དགོངས་པ་ལ་བཞག་ནས་གསུམ་ལྡན་དགེ་སློང་རྡོ་རྗེ་འཛིན་པའི་སྒོ་ནས་གདུལ་བྱ་རྣམས་ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་བཞེད་པའི་ཐུགས་བསྐྱེད་ཆེན་པོའི་ཀུན་ནས་བླངས་ཏེ་སེམས་དཔའ་ཆེན་པོ་སངས་རྒྱས་རིན་ཆེན་དཔལ་བཟང་པོའི་དྲུང་དུ་མཁན་པོ་ཞུས་ཤིང་། ལས་ཀྱི་སློབ་དཔོན་ཆོས་ཀྱི་རྗེ་རིན་པོ་ཆེན་ཀུན་དགའ་ཆོས་ལྡན། གསང་སྟེ་སྟོན་པའི་སློབ་དཔོན་རྗེ་བཙུན་ལྷ་མཆོག་སེང་གེ་པ། གྲིབ་ཚོད་པ་སྡེ་སྣོད་འཛིན་པ་འཕྲིན་ལས་དབང་ཕྱུག་པ། དད་པའི་དགེ་འདུན་འདུལ་བ་འཛིན་པ་ཤེས་རབ་རིན་ཆེན་དང་། ལུང་རིགས་སྨྲ་བ་དགེ་ལེགས་