R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༧ན
[A:༧ན]བཤེས་གཉེན་པ་ལ་སོགས་པ་ཁ་སྐོང་བར་འོས་པའི་དགེ་སློང་དུ་མ་དང་བཅས་པའི་དབུས་སུ། དགུང་ལོ་ཉི་ཤུ་བཞེས་པ་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོ་ས་ག་ཟླ་བའི་ཡར་ཚེས་བཅུ་གསུམ་གྱི་ཉི་མ་ཕྱེད་ཡོལ་དུས་སུ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཟིམ་ཁང་གཡབ་ཆེན་དུ་དགེ་སློང་གི་སྡོམ་པ་ལེགས་པར་ཐོབ་པ་ཡིན་ནོ། །སྐྱེས་བུ་དམ་པ་འདི་བསྙེན་པར་རྫོགས་པས་སངས་རྒྱས་ཀྱི་བསྟན་པ་དང་། དཀར་ཕྱོགས་ཀྱི་ལྷ་རྣམས་ནི་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་བར་འགྱུར་ལ། ནག་པོའི་ཕྱོགས་དང་། ལྷ་མ་ཡིན་རྣམས་འགྲིབ་པར་འགྱུར་ཏེ། སྙན་པའི་གྲགས་པ་ས་སྟེང་ཁྱབ་པར་གྱུར་ཏོ། །དེ་ནས་བཟུང་སྟེ་ཚུལ་ཁྲིམས་ཀྱི་ཕུང་པོ་མིག་གི་འབྲས་བུ་ལྟར་གཅེས་པར་བཟུང་ནས་ཤ་ཆང་སྒོག་པ་གསུམ་ལ་སོགས་པ་བསླབ་པར་བྱ་བའི་ཆ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤངས་བླངས་ཚུལ་བཞིན་མཛད་དེ། དེ་ཡང་གཞན་རྐྱེན་གྱིས་བསྒྲུབ་པ་ལ་མི་ལྟོས་པར། སྔོན་གྱི་བག་ཆགས་བཟང་པོའི་སྟོབས་ཀྱིས་སྐུ་གསུང་ཐུགས་ཀྱི་དབང་པོ་ཞི་ཞིང་དུལ་བ་དང་། སྤྱོད་ལམ་ཐམས་ཅད་བག་ཡོད་ཀྱི་ཀུན་སྤྱོད་དང་ལྡན་ཞིང་། ཚུལ་ཁྲིམས་ཀྱི་དྲི་བཟང་གིས་ས་སྟེང་མ་ལུས་པ་ཁྱབ་པར་བཞུགས་པ་ཡིན་ནོ། །ཞེས་ཐོས་སོ། ཡང་འདྲེན་པ་དམ་པ་འདི་ཉིད་ཀྱི་རྗེ་ཐམས་ཅད་མཁྱེན་པ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་པའི་དྲུང་དུ་ཆོས་གསན་པར་ཕེབས་ཚུལ་ནི། སྤྱིར་རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་མཁས་གྲུབ་མཚུངས་