R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༧བ
[A:༧བ]མེད་ཡིན་པ་དང་། ཁྱད་པར་རྗེ་བཙུན་ས་པཎ་ནས་བརྒྱུད་པའི་ཟབ་ལམ་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་པ་བཞུགས་པ་གསན་ནས། དེ་ཞུ་བར་དགོངས་ཏེ་མར་པ་ལོ་ཙཱའི་ན་རོ་པཎ་ཆེན་བསྙགས་པ་བཞིན་ལམ་བགྲོད་དཀའ་བ་དང་། ཐག་རིང་བ་སོགས་ཀྱི་བཀའ་ཚེགས་གང་ལ་ཡང་མ་གཟིགས་པར་ཆེར་གཏད་མངའ་རིས་བསྟོད་དུ་ཕེབས་ཏེ། ཞལ་མཇལ་མ་ཐག་ནས་ཐུགས་དགེས་ཚོར་ཆེན་པོ་དང་བཅས་རྗེས་སུ་བཟུང་ཡང་། སྦྱོར་དྲུག་ནི་ཉམས་ལེན་ཆེར་མ་བྱས་པས་མི་བདེ་གསུངས་ནས་མ་གནང་། འོན་ཀྱང་ཆོས་དང་ཟང་ཟིང་དུ་མའི་སྒོ་ནས་བཀའ་དྲིན་ཚད་མེད་པ་བསྐྱངས་གསུངས་སོ། །ཞེས་ཐོས་སོ། ཡང་དམ་པ་འདི་ཉིད་ཀྱིས་ས་སྐྱ་འཁོན་གྱི་གདུང་བརྒྱུད། ངུར་སྨྲིག་འཛིན་པའི་གཙུག་རྒྱན། རིག་གནས་མཐའ་དག་གི་དབང་ཕྱུག མཚན་གང་གཅིག་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་བགྲོད་པར་ནུས་པའི་ཏིང་ངེ་འཛིན་ནི་བརྟན་པོ་དང་ལྡན་པ་ས་སྐྱ་པཎ་ཆེན་གཉིས་པ་ས་ལོ་འཇམ་པའི་རྡོ་རྗེའི་ཞབས་པད་ཡུན་རིང་བསྟེན་ཏེ། བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་ཀྱིས་ལེགས་པར་བསྐྱངས་པས་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ་ལ་སོགས་ཏེ་ཡོན་ཏན་མཐའ་དག་ལ་དབང་འབྱོར་པ་ཡིན་ཏེ། དེ་ཡང་བླ་མ་འདི་ཉིད་དམ་པའི་ཆོས་གསན་པའི་སྣོད་དུ་དགོངས་ནས། གཞན་ལ་ཚོགས་བཤད་དུ་མི་རུང་བ་རྣམས་