[A:༨ན]སློབ་བཤད་ཀྱི་ཚུལ་གྱིས་ཅིས་ཕྱིན་པར་གནང་བ་དང་། ཁྱད་པར་ས་ལོ་ཉིད་ཀྱི་གསུང་ངག་ཞིག་གནང་དུས། ཁྱོད་ཀྱིས་ལམ་འབྲས་པ་འདི་རྣམ་ལ་ལཱུ་ཧི་པའི་དབང་བསྐུར་གཅིག་གིས་གསུངས་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་གདུལ་བྱ་རྣམས་ཀྱི་རྡོ་རྗེ་སློབ་དཔོན་དུ་བཀས་གནང་བ་དང་། གནས་སྐབས་ཐམས་ཅད་དུ་མཁས་བཙུན་བཟང་གསུམ་གྱི་འཁོར་ཇི་ཙམ་ཚོགས་ཀྱང་། དམ་པ་འདི་ཉིད་ལ་སྤྱན་འགྲོས་ལེགས་པར་གཟིགས་པ་དང་། གསུང་སྙན་པར་སྣང་བ་ལ་སོགས་པ་ཐུགས་བརྩེ་བས་རྗེས་སུ་འཛིན་པ་ཀུན་ལ་གྲགས་ཤིང་། རྗེ་ས་ལོ་ངོར་ན་བཞུགས་སྐབས་ངོར་དཔེ་ཁང་དུ་ཕེབས་པའི་ཚེ། རིག་གནས་མཐའ་དག་གི་དཔེ་ཚོགས་རྣམས་ལ་གཟིགས་ཏེ། འདི་རྣམས་ལ་བེད་སྤྱོད་ཐུབ་པ་ཞིག་ཁྱེད་ལ་རེའོ། བློ་ཁུར་བསྐྱེད་ཅིག་ཅེས་སོགས་གསུངས་པ་ནི་རྒྱལ་བ་རྡོ་རྗེ་ཆེན་པོའི་རྒྱལ་ཚབ་ཏུ་གྱུར་ནས་རིགས་གནས་མཐའ་དག་ལ་དབང་འབྱོར་ཏེ། སྐལ་ལྡན་གྱི་གདུལ་བྱ་མཐའ་དག་གི་འདྲེན་པ་དམ་པར་ལུང་བསྟན་པ་ཡིན་ནོ་ཞེས་ཐོས་སོ། །གསུམ་པ་དགེ་བའི་བཤེས་གཉེན་གཞན་ཡང་ཇི་ལྟར་བསྟེན་པའི་ཚུལ་ནི། དེ་ལྟར་གོང་དུ་སྨོས་པའི་ཡོངས་འཛིན་དེ་རྣམས་ནི་བཀའ་དྲིན་མཆོག་ཏུ་ཆེ་བ་རྣམས་ཡིན་ལ། གཞན་ཡང་རྗེ་རི་ཁྲོད་པ་ཀུན་དགའ་མཆོག་ལྡན། རྗེ་ལྷ་མཆོག་སེངྒེ་། ཆོས་རྗེ་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ནམ་མཁའ་བསྟན་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས་མདོ་རྒྱུད་མ་ལུས་པའི་ཟབ་དོན་གཅིག་ཏུ་འདུས་པ་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་