[A:༡༠ན]དང་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་ཏེ་བྱུང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཐབས་ཀྱི་གཙོ་བོ་བདག་གཞན་མཉམ་པ་བསྒོམ་པ། བརྗེ་བ་བསྒོམ་པ་ལས་དུས་བརྟག་ཏུ་མ་གཡོས་བཞིན་དུ་རྒྱལ་སྲས་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པའི་སྤྱོད་པ་ཁྱད་པར་ཅན་རྣམས་ཉམས་སུ་ལེན་པས་དུས་འདའ་བར་མཛད་པ་དང་། རང་ཉིད་ལ་བྱུང་ཆུབ་ཀྱི་སེམས་རིན་པོ་ཆེན་ཐུགས་ལ་འཁྲུངས་པའི་སྟོབས་ཀྱིས། རྒྱལ་སྲས་ཆོས་རྫོངས་པ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་མཛད་པའི་སྐྱེས་བུ་དམ་པ་རྣམས་ལ་ལྷག་པར་གུས་པ་དང་། འགྲོ་བ་མཐོ་དམན་གང་གཟིགས་ཀྱང་ཕན་པར་བཞེད་པའི་ལྷག་བསམ་དང་སྙིང་རྗེ་ཆེན་པོ་རྒྱུན་མ་ཆད་པར་འབྱུང་ཞིང་། བྱམས་པའི་སྤྱན་འགྲོས་ལེགས་པར་གཟིགས་པ་དང་། སྙན་པའི་གསུང་གནང་བ་དང་། རང་རང་བློ་དང་འཚམས་པར་ཆོས་དང་ཟང་ཟིང་གི་ཚིམ་པར་མཛད་པས་དྲུང་དུ་འདུག་པ་ཀུན་ལོ་དང་ཟླ་བ་ལ་སོགས་པའི་བར་དུ་བསྡད་ཀྱང་ཡིད་ཆེས་པ་དང་ངོམ་པ་མེད་པ་དང་། བླ་མ་འདིས་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ལ་ཉེས་པའི་སྐྱོན་འདི་ལྟ་བུ་ཞེས་སུས་ཀྱང་མ་མཐོང་ཞིང་། བདག་ཁོ་ན་ལ་དགེས་པ་ཞིག་འདུག་གོ་སྙམ་པ་དང་། འབྲལ་མི་ཕོད་པའི་བསམ་པས་ཕྱིར་མིག་བལྟ་བཞིན་པའི་ངང་ནས་འགྲོ་བ་ལ་སོགས་པ་ཐམས་ཅད་ལ་འབྱུང་བ་ཡིན་ནོ། །ཞེས་ཐོས་སོ། །ལྔ་པ་མཁས་བཙུན་བཟང་གསུམ་