[A:༡༠བ]གྱི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ་ལ་གསུམ་ལས། དང་པོ་མཁས་པའི་ཡོན་ཏན་ཇི་ལྟར་བརྙེད་པའི་ཚུལ་ལ། ཚིག་ལ་མཁས་པ་དང་། དོན་ལ་མཁས་པའོ། །དང་པོ་ནི། ཤེས་བྱའི་གནས་ཐམས་ཅད་ལ་མཁས་པའམ། བྱེ་བྲག་སྦྱངས་པའི་ཆོས་ལ་མཁས་པ་སྟེ། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་དང་དེ་ལ་མཁས་པ་ཡིན། །ཞེས་དང་། དེ་ཡུལ་རྟོག་གེ་བརྡའ་སྤྲོད་དང་། །གསོ་བ་ཕྱི་ནང་རིག་ཅེས་བྱ། །ཞེས་གསུངས་པ་ལྟར་མཁས་པར་བྱ་བའི་གནས་སམ། ཡུལ་ནི་རིག་པའི་གནས་ལྔ་ཡིན་ལ། བདག་ཉིད་ཆེན་པོ་འདིས་ནི་རིག་པའི་གནས་ལྔ་དེ་དག དང་པོར་འཛིན་པ་དང་། བར་དུ་འཆད་པ་དང་། ཐ་མར་ཀུན་ཆུབ་པར་མཛད་པ་ལ་རྩོམ་པ་རབ་ཀྱི་ཐར་ཕྱིན་པར་འགྱུར་པ་དང་། རྙེད་པ་དང་བཀུར་བསྟི་དང་། བཟའ་བ་དང་བཏུང་བ་དང་། གཉིད་རྨུགས་ལ་སོགས་པའི་རོ་མྱོང་བ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་གང་ཡང་མི་མཛད་པར། མདོ་རྒྱུད་བསྟན་བཅོས་རྣམས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས། དུས་སྐབས་ཐམས་ཅད་དུ་ཆོས་གང་འཆད་ཀྱང་ཚིག་ཕྱེད་ཀྱང་མ་འཁྲུལ་བར་ཐུགས་ནས་གསུང་བ་ལ་ཐོགས་པ་མེད་པ་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །དོན་ལ་མཁས་པ་ཡང་ཡིན་ཏེ། རིག་པའི་གནས་ལྔའི་བསྡུས་པའི་གཞུང་ལུགས་གང་དང་གང་ཡིན་པ་དེའི་ཚིག་