R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡༡ན
[A:༡༡ན]དོན་རྣམས་ཕྱིན་ཅི་མ་ལོག་པ་ཁོང་དུ་ཆུག་ནས་དེའི་དབང་དུ་བྱས་པའི་བསྟན་བཅོས་རྩོམ་མཁྱེན་པ་དང་། ཚིག་ཐུགས་སུ་ཚུད་མ་ཐག་ཏུ་དོན་ཕྱིན་ཅི་མ་ལོག་པ་མཁྱེན་ཅིང་། དོན་ལ་མཁྱེན་པ་དེ་སྲིད་དུ་ཚིག་ཙམ་གྱིས་ཆོག་པར་འཛིན་པ་ནི་དམ་པ་འདི་ལ་མི་མངའ་བའི་ཕྱིར་རོ། །དེའི་རྒྱུ་མཚན་གྱིས་གསུང་རབ་གང་འཆད་ཀྱང་མཐའ་ཆོད་པའི་བཤད་པ་མཛད་ནས། དེ་དང་དེའི་སྙིང་པོའི་དོན་ནི་འདི་ཡིན་ནོ་ཞེས་འཆད་པ་ལ་གཞན་དང་མཚུངས་པ་མེད་པ་མངོན་སུམ་གྱིས་གྲུབ་པ་དང་། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གང་མཛད་ཀྱང་ཚིག་ལ་མ་འཆོལ་བར་དོན་ཁོ་ན་ལ་གཙོ་བོར་མཛད་པའི་སྒོ་ནས་གདུལ་བྱ་རྣམས་ཐར་པའི་ལམ་ལ་འགོད་པར་མཛད་པ་ཡིན་ནོ། །གཉིས་པ་བཙུན་པའི་སྟོན་ནི། སྤྱིར་བླ་མ་དམ་པ་འདིས་སྔོན་སྐྱེ་བ་དཔག་ཏུ་མེད་པ་ནས་གོམས་པའི་ཤུགས་ཀྱིས་སྒོ་གསུམ་གྱི་ཁ་ན་མ་ཐོ་བ་ཅི་ཡང་མི་མཛད་ལ། ཁྱད་པར་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་བསྟན་པའི་རྩ་བ་ཡིན་པར་དགོངས་ནས། བསླབ་པར་བྱ་བའི་གནས་མཐའ་དག་ཕྲ་ཞིང་ཕྲ་བ་ནས་བླང་དོར་ཚུལ་བཞིན་དུ་མཛད་པ་དང་། རྟགས་དང་ཆ་ལུགས་ཚུན་ཆད་རུང་བ་ཚད་དང་ལྡན་པར་མཛད་པ་དང་། ཀུན་སྤྱོད་ཐམས་ཅད་དམ་པའི་ཆོས་འདུལ་བ་དང་མཐུན་པར་ཉམས་སུ་ལེན་པར་མཛད་པ་དང་། སྐུ་གསུང་ཐུགས་ཀྱི་དབང་པོ་ཞི་ཞིང་དུལ་ལ་བག་དང་ལྡན་པར་བཞུགས་པ་དང་། སྤྱོད་ལམ་ཐམས་ཅད་ཀུན་ཏུ་མཛེས་ཤིང་བརྗིད་ཆགས་པ་དང་། ཚུལ་ཁྲིམས་ཀྱི་དྲི་བཟང་ཁྱད་པར་ཅན་རྫི་ཕྱོགས་མ་ཡིན་