R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡༡བ
[A:༡༡བ]པ་ཀུན་ཏུ་བསྣམས་པ་དང་། གང་དུ་བཞུགས་པའི་ས་ཕྱོགས་ཐམས་ཅད་གཙང་ཞིང་སྣུམ་ལ་ཡིད་དུ་འོང་བ་དང་། མཐོ་དམན་གྱི་སྐྱེ་བོ་སུ་ལ་ཡང་ཟུར་གྱིས་འཁུ་བ་དང་། ཞེ་གཅོད་པའི་ཚིག་དང་། ཕ་རོལ་གྱི་ཡིད་དུ་མི་འོང་བའི་རྣམ་འགྱུར་ཅུང་ཟད་ཀྱང་མི་མཛད་ལ། རྙེད་པ་དང་བཀུར་བསྟིར་མ་ཆགས་པའི་བསམ་པས་ཕ་རོལ་བསླུ་བའི་བསམ་སྦྱོར་ངན་པ་ཐམས་ཅད་དུག་བཞིན་སྤངས་ཏེ། དེའི་དྲི་མ་ཙམ་ཡང་མི་མངའ་བ་དང་། ཁྱད་པར་དང་པོར་རབ་བྱུང་བསྙེན་རྫོགས་མཛད་ནས། མཐར་མྱ་ངན་ལས་འདས་ཀྱི་བར་དུ་ཤ་ཆང་སྒོང་གསུམ་གྱི་དྲི་མ་ཙམ་ཡང་མི་མཛད་པ་དང་། རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་བྱུང་ཆུབ་ཀྱི་སེམས་རང་གནས་སུ་འཕེལ་བར་མཛད་དེ། ཡོན་ཏན་འདི་གཉིས་ཀྱིས་ཀྱང་མཁས་བཙུན་བཟང་གསུམ་དུ་རློམ་པ་ཐམས་ཅད་ཟིལ་གྱིས་མནན་པ་ཡིན་ནོ། །དེ་ལྟ་བས་ན་བདག་ཉིད་ཆེན་པོ་འདིའི་སྐུ་གསུང་ཐུགས་ཀྱི་མཛད་པ་དང་། ཀུན་སྤྱོད་གང་ལ་ཡང་སྐྱོན་དེ་ལྟར་སྣང་བ་འདི་ལྟ་བུ་ཞིག་གོ་སྙོམས་པ་ཞབས་དྲུང་དུ་ཡུན་རིང་དུ་བསྡད་པའི་སྐྱེ་བོ་སུས་ཀྱང་ཡེ་མ་མཐོང་ཞིང་། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་དང་ལྡན་པར་གྱུར་ཏེ། བསླབ་པ་ལ་གུས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་འཕགས་པ་ཀ་ཏ་ཡ་ནའི་བུ་ལྟ་བུ་དང་། སྦྱངས་པའི་ཡོན་ཏན་གྱི་མཛེས་པ་རྣམས་ཀྱི་ནང་ནས་ཕུལ་དུ་ཕྱིན་པ་འོད་སྲུང་