[A:༡༢ན]ཆེན་པོ་ལྟ་བུ་དང་། སྤྱོད་ལམ་དུལ་བ་རྣམས་ཀྱི་ནང་ནས་མཆོག་གི་ཏུ་བསྔགས་པ་རྟ་ཐུལ་ལྟ་བུར་ཉེས་ལྟུང་གི་དྲི་མས་མ་གོས་ཤིང་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པར་བཞུགས་པས་ངུར་སྨྲྀག་འཛིན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །གསུམ་པ་བཟང་པོའི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ་ནི། བླ་མ་དམ་པ་འདི་ནི་མཚན་མོ་བསྐྱེད་རྫོགས་ཟུང་འབྲེལ་གྱི་རྣལ་འབྱོར་མང་པོ་ལ་གཡེལ་བ་མི་མངའ་ཞིང་། ཉིན་མོ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཟབ་མོའི་ངང་ནས་འཆད་རྩོད་རྩོམ་གསུམ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པའི་བྱ་བ་ཁོ་ནས་དུས་འདའ་བར་མཛད་པ་དང་། མཐོ་དམན་ཐམས་ཅད་ལ་ལྷག་པར་བྱམས་ཤིང་། གཞན་ལ་གནོད་པའི་ལས་ཅུང་ཟད་ཀྱང་མི་མཛད། གཞན་ལ་མཐོ་འཚམས་པ་དང་ཕྲག་དོག་གི་རྣམ་པ་གང་ཡང་མི་མངའ། རྙེད་བཀུར་དང་ཆེ་ཐབས་ཀྱི་རྩོལ་བསྒྲུབ་གཏན་ནས་མི་མཛད། ཁྱད་པར་འདྲེན་མཆོག་ཆོས་རྗེ། རྗེ་བཙུན་སངས་རིན། འཇམ་དབྱངས་ས་ལོ་སྟེ། རྩ་བའི་བླ་མ་རྣམ་གསུམ་ཐུགས་ཀྱི་དཀྱིལ་དུ་བཞག་ནས། ལྷག་པའི་ལྷ་དང་དབྱེར་མེད་པའི་འདུ་ཤེས་ཀྱིས་གསོལ་བ་རྒྱུན་དུ་བཏབ་པས་ལེགས་ཉེས་ཀྱི་བྱ་བ་ཐམས་ཅད་ལུང་སྟོན། བར་སྐབས་ཅུང་ཟད་སྐུ་སྙེལ་བའི་ཚུལ་སྟོན་པའི་ཚེ། དང་པོར་སྙུང་རྐྱེན། བར་དུ་བཅོས་ཐབས། ཐ་མར་འདི་ཙམ་ལ་དྲག་གསུངས་པ་སོགས་དང་ལན་གཅིག་ཨེ་ཝྃ་དགོན་པའི་བླ་བྲང་གི་སྟེང་དུ་ཀུན་མཁྱེན་བུ་སྟོན་ཞལ་