[A:༡༢བ]གཟིགས་པ་དང་། ཡང་རྗེ་སངས་རྒྱས་རིན་ཆེན་མནལ་ལམ་དུ་བྱོན་ནས་ཕྱག་བཞི་པ་ལ་ཡིག་ཆ་གྱིས། གཏོར་མ་བྱིན་གཞན་གྱི་མཐུ་མི་ཡོང་ཞེས་ལུང་བསྟན་པ་དང་། སྟོན་པོ་གཏོར་བསྔོ་བརྒྱ་ཚར་དུས་སྤྱན་ཟུར་ལ་ཨེ་ཝཾ་མགོན་ཁང་ནས་མི་ནག་དུང་ལོང་ཅན་ཞིག་ལམ་ཟབ་ལྷ་ཁང་ལ་སོང་། ཆེར་ཏེ་གཟིགས་པས་པུ་ཏྲར་འདུག་ཅེས་གསུངས་པར་གྲགས་པ་དང་། གཞན་ཡང་རྒྱ་མཚོ་བླ་ཆེན་བདག་མེད་མའི་དབང་ཞུ་བར་འབྱོན་པ་ཐུགས་མཁྱེན་གྱིས་དགོངས་པ་དང་ཞལ་སློབ་ཐུགས་དམ་པ་ཞིག་ལ་ཁམས་འདུས་དྲག་པོ་ལན་གཉིས་བྱུང་བའི་ཚེ། རྗེ་ཉིད་ལ་གསོལ་བ་བཏབ་པས། དགེ་སློང་ཞིག་གིས་ལྟུང་བའི་རྣམ་པ་ཞིག་དང་། ཡི་གེ་ཞིག་གཏད་བྱུང་ནས་རྗེ་ཉིད་ཀྱིས་གནང་བ་ཡིན་ཟེར་བས་དེ་མ་ཐག་ནད་ལས་གྲོལ་བ་དང་། ཡང་བསྒོམ་ཆེན་ཞིག་གི་རྨི་ལམ་དུ་ཨེ་ཝཾ་འདུ་ཁང་ན་རྗེ་བསོད་ནམས་རྩེ་མོ་ཆོས་གསུང་གིན་ཡོད་ཟེར་ནས་ཕྱིན་པས་རྗེ་ཉིད་ཆོས་གསུང་གིན་འདུག་པ་རྨི་བ་སོགས་རྗེ་བཙུན་གོང་མ་ཞིག་གི་རྣམ་འཕྲུལ་ལམ་ངོ་བོར་བཞུགས་པ་ལ་ཐེ་ཚོམ་དང་བྲལ་བ་ཡིན་ནོ། །མདོ་སྡེ་རྒྱན་ལས། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དྭངས་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཕྱག་དང་ཞབས་ལ་སོགས་པ་སྐུའི་ཆ་ཤས་ཐམས་ཅད་འཇམ་ཞིང་གཞོན་ཤ་ཆགས་པ་དང་།