[A:༡༣ན]རྩ་དང་གཉེར་མ་ལ་སོགས་པ་མི་མངོན་ཞིང་རིན་པོ་ཆེ་བྱི་དོར་བྱས་པ་ལྟར་གཙང་ཞིང་ཡོངས་སུ་དག་ལ་གཟི་འོད་འབར་བ་དང་། ཟླ་བ་དྲི་མ་མེད་པ་ལྟར་ཤིན་ཏུ་དཀར་ཞིང་དྭངས་ལ་འོད་ཟེར་འཕྲོ་བར་བཞུགས་པས། སྐུ་མཐོང་བ་ཙམ་གྱིས་དད་པ་རང་དབང་མེད་པར་འབྱུང་བ་ཡིན་ལ། དགུང་ལོ་དྲུག་ཅུ་རེ་གཅིག་བཞེས་པའི་ཚེ་ཡང་སྐུའི་ཆ་ཤས་གང་ན་ཡང་གཉེར་མ་སྤུ་ཉག་ཙམ་ཡོད་པ་སུས་ཀྱང་མ་མཐོང་བ་ནི་དུས་མཚུངས་པའི་སྐྱེ་བོ་ཞབས་དྲུང་ན་གནས་པ་ཀུན་གྱིས་མངོན་སུམ་དུ་གྲུབ་པ་དང་། སྐུ་མྱ་ངན་ལ་འདའ་ཁར་གསང་གནས་འདོམ་གྱི་སྦ་བ་དང་བཅས་པ་སྦུགས་སུ་ནུབ་པ་ལ་སོགས་པ་སངས་རྒྱས་ཀྱི་མཚན་དཔེ་དང་དངོས་སུ་ལྡན་པ་འདི་ནི། བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་མྱ་ངན་ལས་འདས་པའི་འོག་ཏུ། ཁ་བ་ཅན་གྱི་ཁྲོད་འདིར་འདྲེན་མཆོག་དམ་པ་འདི་ཉིད་ལས་གཞན་མ་བྱུང་བ་ཡིན་ནོ། །གཞན་ཡང་སྔོན་སྐུ་ཚེ་དཔག་ཏུ་མེད་པ་ནས་སྦྱངས་པའི་སྟོབས་ཀྱིས་རིག་གནས་མཐའ་དག་དང་། མཁས་བཙུན་བཟང་གསུམ་དང་མཆོད་རྩོད་རྩོམ་གསུམ་རྣམས་ལ་སྐུ་ཚེ་འདིར་སྦྱངས་ཚུལ་དང་། གསལ་འདེབས་ཙམ་མཛད་པ་དེ་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡིན་ཏེ། ཉིད་ཀྱི་ཞལ་ནས། རྣམ་མང་ཤེས་བྱའི་རི་མོ་ངོ་མཚར་བ། །རྣམ་དཔྱོད་དངུལ་དཀར་དྭངས་པའི་མེ་ལོང་དུ། །རྣམ་དཀར་ཚོགས་གཉིས་དབང་གིས་ལེགས་ཤར་བའི། །རྣམ་མཁྱེན་འདྲེན་པ་མཆོག་ལ་གསོལ་བ་འདེབས། །ཞེས་དང་། སྔོན་ཚེ་གོམས་པའི་