[A:༡༤ན]པོར་མངའ་གསོལ་ཚུལ་ནི། དགུང་ལོ་སོ་བདུན་བཞེས་པ་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་ཟླ་བ་གཉིས་པའི་ཉེར་གཅིག་གི་ཉིན་རྗེ་བཙུན་དམ་པ་ལྷ་མཆོག་སེངྒེས་ཐུབ་པའི་གསེར་སྐུ་གཟི་འོད་འབར་བ་གཅིག་གནང་། དབུ་ལ་མེ་ཏོག་གི་ཆར་མང་པོ་ཕབ་ནས་རབ་ཏུ་གནས་པར་མཛད་དེ། ད་ལོ་ལམ་འབྲས་པ་རྣམས་ལ་ལམ་འབྲས་བཤད། བླ་བྲང་ཆེན་མོའི་གཟིམ་ཆུང་དུ་བསྡོད་ལ་དབྱར་ཆོས་དགུན་ཆོས་དང་། སྟོན་ཆོས་མ་ཆགས་པ་གྱིས་གསུངས་པ་སོགས་བསྟན་པའི་རྒྱུན་ལ་ཕན་པའི་ལུགས་གཉིས་ཀྱི་བཀའ་ལུང་འཐེམ་ཆེ་བ་གནང་ནས་བསྟན་པའི་བདག་པོར་མངའ་གསོལ་ལོ། །དེ་ནས་བླ་མ་དམ་པ་འདིས་རྗེ་བཙུན་ལྷ་མཆོག་སེངྒེའི་བཀའ་བཞིན་བསྒྲུབ་སྟེ། དགེ་འདུན་ཚོགས་པ་ལ་གསུང་ངག་རིན་པོ་ཆེ་ཆ་ལག་དང་བཅས་པ་ཟབ་རྒྱས་སུ་གནང་། གསུང་ངག་གྲོལ་བ་དང་བསྟུན་བླ་བྲང་ཆེན་མོའི་གཟིམ་ཆུང་དུ་བཞུགས་ཏེ། དབྱར་ཆོས་ལ་དཔལ་ཀྱཻ་རྡོ་རྗེ་རྒྱུད་གསུམ་གྱི་བཤད་པ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་གསུངས། སྟོན་ཆོས་ལ་རྡོ་རྗེ་དྲིལ་བུ་པའི་དབང་། ཀྱཻ་རྡོ་རྗེའི་བཀའ་བབས་བཞིའི་དབང་། དག་པ་གསུམ་གྱི་ཁྲིད། རྗེ་རྡོ་རྗེ་འཆང་གི་བཀའ་འབུམ་པོད་བཞི་མའི་ལུང་། ཤིན་ཏུ་སྤྲོས་མེད་ཀྱི་ཁྲིད། ཞེན་པ་བཞི་བྲལ་གྱི་ཁྲིད། དེ་རྣམས་དང་འབྲེལ་བའི་ཡིག་ཆའི་ལུང་རྣམས་གསུངས། དེ་ནས་དགུང་ལོ་སོ་བརྒྱད་