[A:༡༤བ]བཞེས་པ་ཤིང་ཕོ་རྟའི་ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ཀྱི་ཉིན་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོའི་ཞབས་ཀྱི་རྒྱལ་ཚབ་དམ་པར་དབང་བསྐུར་ཏེ་དགེ་འདུན་ཚོགས་པ་ཐམས་ཅད་ཀྱིས་བཀྲ་ཤིས་དང་། རབ་གནས་ཀྱི་མངའ་གསོལ་ཞིང་། ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་ཆེན་པོ་བབས་ནས་མངོན་པར་མཆོད་དེ་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་ལོ། །དེ་ནས་བཟུང་ལོ་གྲངས་ཉི་ཤུ་རྩ་བཞིའི་བར་དུ་བར་མ་ཆད་པར་སྟོད་མངའ་རིས། སྨད་མདོ་ཁམས། བར་དབུས་གཙང་གི་གདུལ་བྱ་བསྐལ་བ་དང་ལྡན་པ་སྤྲིན་བཞིན་དུ་འདུས་པ་རྣམས་ལ་རང་རང་གི་བློ་དང་འཚམས་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་རྒྱུན་ཆད་མེད་པ་གནང་སྟེ། དེ་ཡང་ལོ་རེ་བཞིན་དགུན་གྱི་དུས་སུ་མདོ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུང་བ་རྗེ་བཙུན་ས་སྐྱ་པའི་ཟབ་ལམ་གྱི་མཐར་ཐུག་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡོངས་སུ་རྫོགས་པ་ཚར་རེ་རེ་དང་། ཞུ་བ་པོའི་སྟོབས་ཀྱིས་སྐབས་འགར་ཚར་གཉིས་གཉིས་གནང་ཞིང་། དེ་དག་དང་འབྲེལ་བའི་སེམས་བསྐྱེད། སློབ་མ་རྗེ་འཛིན། དབང་བསྐུར། བྱིན་རླབས། ལུང་། ལག་ལེན་གྱི་རིམ་པ་རྣམས་ཤིན་ཏུ་ཞིབ་ཅིང་མཐའ་ཆོད་པར་གནང་། དབྱར་དུས་རྣམས་སུ་ཀྱཻ་རྡོར་རྒྱུད་གསུམ། བདེ་མཆོག་རྩ་བཤད། གསང་འདུས་རྩ་རྒྱུད། ངན་སོང་སྦྱོང་རྒྱུད་ལ་སོགས་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཤད་སྲོལ་དང་མཐུན་པའི་རྒྱུད་སྡེའི་བཤད་བཀའ་མང་པོ་དང་། ནག་པོ་