[A:༡༥ན]རིམ་བཞི། དྲིལ་བུ་རིམ་ལྔ། རྩ་དབུ་མའི་ཁྲིད། དག་པ་གསུམ་གྱི་ཁྲིད། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་ལ་སོགས་པ་ཁྲིད་བཀའ་མང་པོ་དང་། དེ་རྣམས་ཀྱི་ཡིག་ཆའི་ལུང་ལག་ལེན་དང་བཅས་པ་དང་། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་དང་། ཟུར་བཀའི་རྗེས་གནང་ལ་སོགས་པ། རྗེས་གནང་དང་རིགས་གཏད་མཐའ་ཡས་པ་དང་། དེ་རྣམས་ཀྱི་རྒྱ་གཞུང་། སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེའི་ལུང་སྟོན་དཔྱིད་ལ་སོགས་པའི་སྐབས་སུ་ཞུ་བ་པོའི་བློ་དང་བསྟུན་པའི་དབང་བཀའ་དུ་མ་དང་། ཁྲིད་དང་རྗེས་གནང་ལ་སོགས་མཐའ་ཡས་པ་དང་། རྗེ་བཙུན་གོང་མ་ལྔའི་བཀའ་འབུམ། མུས་ཆེན་སེམས་དཔའ་ཆེན་པོའི་བཀའ་འབུམ། ཀུན་མཁྱེན་བསོད་ནམས་སེང་གེའི་བཀའ་འབུམ། འདྲེན་མཆོག་ཆོས་རྗེ་དང་། རྗེ་བཙུན་སངས་རྒྱས་རིན་ཆེན་གྱི་བཀའ་འབུམ་ལ་སོགས་པ་ལུང་གི་ཚོགས་ཡང་ནས་ཡང་དུ་གསུངས་པ་དང་། གཞན་ཡང་དབུ་སེམས་ཀྱི་སྲོལ་ཆེན་པོ་གཉིས་ལས་འོང་བའི་སེམས་བསྐྱེད་ཀྱི་སྡོམ་པ་དང་། བཀའ་གདམས་གཞུང་དྲུག་ལ་སོགས་པ་རྣམས་ཡང་ཡང་དུ་གསུངས་ཏེ་གདུལ་བྱ་རྣམས་བྱུང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་རྒྱུད་ཕྱུག་པར་མཛད་པ་དང་། སོ་སོ་ཐར་པའི་སྡོམ་པའི་སྒོ་ནས་གདུལ་བྱའི་དོན་མཛད་པ་ཡང་བསམ་གྱིས་མི་ཁྱབ་སྟེ། ལོ་རེ་བཞིན་དཀྱུས་ཐོག་རེ་ལ་རབ་བྱུང་བསྙེན་རྫོགས་དོན་དུ་གཉེར་བ་སུམ་བརྒྱ་ལྷག་ཙམ་དང་། གཞན་ཡང་གནས་དང་དུས་ངེས་མེད་དུ་གློ་བུར་དུ་ལྷགས་