R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡༥བ
[A:༡༥བ]པ་དང་བཅས་པས་དགེ་ཚུལ་ཁྲི་ཕྲག་གཅིག་ཙམ་དང་། བསྙེན་པར་རྫོགས་པ་སྟོང་ཕྲག་གསུམ་ལྷག་པའི་མཁན་པོ་མཛད་ལ། དེ་ལྟར་ན་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་མཛད་པ་ཡང་། བླ་མ་དམ་པ་འདི་ལས་མང་བ་གཞན་མ་བྱུང་བ་ཡིན་ནོ། །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཆ་ལག་ཡོངས་སུ་རྫོགས་པ་ཚར་སུམ་ཅུ་རྩ་ལྔ་བཀའ་སྩལ་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ་སོགས་གདུལ་བྱ་གང་ལ་གང་འདུལ་གྱི་ཆོས་ཀྱི་ཆར་བབ་ཏེ་སྐལ་ལྡན་གྱི་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ཡིན་ནོ། །གཉིས་པ་ཡུལ་དགོན་གཞན་དུ་ཆོས་འཁོར་བསྐོར་ཚུལ་ནི། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ། རྩེ་གདོང་སྲིད་གསུམ་རྣམས་རྒྱལ། དཔལ་ན་ལེནྡྲ། མུས་རྟེ་མོ་གླིང་དགའ། ཡར་འབྲོག་མཐར་གླིང་། འབྲས་ཡུལ་རྫིང་དཀར། གཞའ་རི་དགོན་པ། ཐུབ་བསྟན་བསྐྱེད་ཚལ། ཐུབ་བསྟན་རིན་ཆེན་གླིང་ལ་སོགས་པའི་དགོན་པ་རྣམས་སུ་ཡུན་རིང་པོ་ནས་གསོལ་བ་ཡང་ཡང་དུ་བཏབ་ནས་སྤྱན་དྲངས་ཏེ། གདུགས། རྒྱལ་མཚན། ཕྱི་མ་འཕུར་མ། རོལ་མོའི་བྱེ་བྲག་སྣ་ཚོགས་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། རྣམ་སྦྱར་དང་ཆོས་གོས་གྱོན་པའི་ངུར་སྨྲྀག་འཛིན་པའི་ཚོགས་དང་། སྐྱེ་བོའི་ཚོགས་དཔག་ཏུ་མེད་པས་བསུས་ཏེ། འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་པདྨ་ཅན་ལ་སོགས་པ་སྐྱེས་བུ་དམ་པ་རྣམས་ཀྱི་ཆོས་ཀྱི་ཁྲི་ཆེན་པོ་རྣམས་ལ་ཞབས་ཀྱི་པདྨོ་འཁོར་