R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡༦ན
[A:༡༦ན]ལོས་མཚན་པ་རྣམ་པར་འཁོད་དེ། གསུང་ངག་རིན་པོ་ཆེ་གཙོ་བོར་གྱུར་པའི་ཁྲིད། དབང་རྒྱུད། མན་ངག རྗེས་གནང་། རིགས་གཏད་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པའི་སྒོ་ནས་གདུལ་བྱ་སོ་སོའི་དབང་པོ་ཚིམ་པར་མཛད་དེ་རྣམ་གྲོལ་གྱི་འབྲས་བུ་ལ་འགོད་པར་མཛད་པ་ཡིན་ནོ། །མདོར་ན་དགུང་ལོ་ཉེར་ལྔ་ནས་དྲུག་ཅུ་རེ་གཅིག་གི་བར་ལོ་གྲངས་སུམ་ཅུ་རྩ་བདུན་གྱི་བར་དུ་ཉམས་བཞེས་ཟབ་མོ་བསམ་གྱིས་མི་ཁྱབ་པ་ལ་མ་གཡོས་པའི་ངང་ནས། ཉིན་མཚན་ཁོར་ཡུག་ཏུ་འཆད་རྩོད་རྩོམ་གསུམ་ལ་སོགས་པའི་སྒོ་ནས་སངས་རྒྱས་བསྟན་པའི་བྱ་བ་འབའ་ཞིག་མཛད་དེ། སྤྱི་སྒོས་ཀྱི་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་མཛད་དེ། ཨེ་ཝཾ་ཆོས་ལྡན་གྱི་ཁྲི་ཐོག་ཏུ་ཕེབས་པ་ལ་འཆད་ཉན་གྱི་རྒྱུན་དང་། བསྟན་པའི་འཕེལ་རྒྱས་རྗེ་བཙུན་ཀུན་དགའ་བཟང་པོའི་རྗེས་སུ་བླ་མ་དམ་པ་འདི་ལས་ལྷག་པ་གཞན་བྱོན་པ་མེད་དོ། །གཉིས་པ་རྩོད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ནི། སྤྱིར་རྩོད་པའི་ཚུལ་ནི་གཞུང་ལུགས་རྣམ་པར་དག་པ་དཔང་དུ་བཙུགས་ཏེ། ལུང་དང་རིག་པའི་སྒོ་ནས་རང་གི་འདོད་པ་བསྒྲུབ་ཅིང་ཕྱོགས་སྔ་མ་སུན་འབྱིན་པར་བྱེད་པ་ཡིན་ནོ། །འདིར་ནི་བླ་མ་དམ་པ་འདིས་མངོན་རྟོགས་ལྗོན་ཤིང་ལས་འཕྲོས་པའི་དྲི་ལན་ངེས་དོན་གསལ་བ། གསང་བ་སྒོ་འབྱེད་ལས་འཕྲོས་པའི་དྲི་ལན་ཟབ་དོན་སྙིང་པོ། བརྒལ་ཤིང་བརྟགས་