R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡༦བ
[A:༡༦བ]པའི་ལན་རྣམ་པར་ངེས་པ་ཚངས་པའི་རིགས་སྔགས་དང་། དེའི་བསྡུས་དོན་ཚན་བརྒྱད་པ། གསུང་ངག་ལམ་འབྲས་བརྩམས་ཏེ་བྲིས་ཤིང་བརྟགས་པའི་ལན་རྣམ་པར་ངེས་པ་མཐའ་བྲལ་བདུད་རྩིའི་རོལ་མཚོ་རྣམས་ལས་གསུངས་པའི་རིག་པ་རྣམས་ནི་མཁའ་རློམ་སུས་ཀྱང་འགྲན་པར་མི་ནུས་པ་སྟེ་གསུང་རབ་དེ་དག་ཏུ་བལྟས་པས་ཤེས་སོ། །གསུམ་པ་རྩོམ་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ནི། སྤྱིར་རྩོམ་པ་ཞེས་བྱ་བ་རྒྱལ་བ་སྲས་དང་བཅས་པའི་ཡོན་ཏན་བརྗོད་པ་དང་། བདེ་བར་གཤེགས་པའི་གཞུང་ལུགས་དྲི་མ་མེད་པ་དགོངས་འགྲེལ་དང་བཅས་པའི་བརྗོད་བྱ་རྣམས་ཡུལ་དུ་བྱས་ཏེ། སྡེབ་སྦྱོར་གྱི་གཙུག་ལག་དང་མཐུན་པར་རྩོམ་པ་ཡིན་པ་ལས་བདག་ཉིད་ཆེན་པོ་འདིས་མཛད་པའི་རྩོམ་པ་རྣམས་ཀྱང་རང་གིས་བརྗོད་བདེ་ཞིང་། གཞན་གྱིས་རྟོགས་སླ་བ། གཉིས་ཀའི་རྣ་བར་སྙན་པ་སྟེ་སྡེབ་སྦྱོར་གྱི་གཙུག་ལག་དང་མཐུན་པ་ཁོ་ན་ཡིན་ལ། རྩོམ་པ་ཇི་ལྟར་མཛད་པའི་རྣམས་གྲངས་ཀྱང་། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་བསྟོད་ཚོགས། རྣམ་ཐར། གསན་ཡིག ཡི་དམ་གྱི་ལྷ་མང་པོའི་སྒྲུབ་དཀྱིལ། རྗེས་གནང་རིགས་གཏད་ཞལ་གདམས་ཆབ་ཤོག་གི་སྐོར་སོགས་མང་པོ་དང་། ཁྱད་པར་ཀྱེ་རྡོར་རྒྱུད་གསུམ་མན་ངག་དང་བཅས་པའི་གོང་མའི་གསུང་རབ་རྣམས་ཀྱི་རྒྱས་འགྲེལ། དོན་དུས་དཀའ་གནས་ཀྱི་མཐའ་ཆོད་སོགས་སྐྱེས་སྦྱངས་ཀྱི་བློ་གྲོས་དང་ལྡན་པ་སུ་ཞིག་གིས་མཐོང་