R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡༧ན
[A:༡༧ན]ཡང་རྩོམ་པ་པོ་ཉིད་ལ་མི་ཕྱེད་པའི་དད་པ་དབང་མེད་དུ་བསྐྱེད་པ་ཤ་སྟག་སྟེ། ཞིབ་པར་ནི་བཀའ་འབུམ་པོ་ཏི་གསུམ་བཞུགས་པའི་སོ་སོའི་དཀར་ཆག་ནས་འབྱུང་བ་བཞིན་ནོ། །དེ་དག་ཀྱང་མིང་གི་མངོན་བརྗོད་ཀྱི་སྤྲས་པས་བྱིང་ཆེ། ཚིག་སྙན་ངག་གི་བརྒྱན་པས་རྣ་བར་སྙན། དོན་བརྗོད་བྱ་དང་འབྲེལ་བས་རྟོགས་སླ། གཅོད་མཚམས་སྡེབ་སྦྱོར་དང་མཐུན་པས་བརྗོད་བདེ་བ་ལ་སོགས་པ་བསྟན་བཅོས་རྩོམ་པའི་ཡོན་ཏན་ཐམས་ཅད་ཚང་བས་མཁས་པ་རྣམས་ཡིད་འཕྲོག་པར་བྱེད་པ་ཡིན་ནོ། །བདུན་པ་མཁས་བཙུན་བཟང་གསུམ་གྱི་སློབ་མ་ཇི་ལྟར་བསྐྲུན་པའི་ཚུལ་ནི། ལྷར་བཅས་འགྲོ་བའི་སྐྱབས་མཆོག་རིགས་ལྡན་འཇམ་པའི་དབྱངས་ཀྱི་རྣམ་པར་སྤྲུལ་པ་ས་སྐྱ་འཁོན་གྱི་གདུང་བརྒྱུད་བདག་ཆེན་ཀུན་དགའ་བསམ་འགྲུབ་པ་དང་། སྔགས་འཆང་བསྟན་པའི་ཉི་མ་ངག་དབང་ཀུན་དགའ་རིན་ཆེན་སྐུ་མཆེད་ཞལ་རྣམ་པ་གཉིས་ཀྱིས་གཙོ་མཛད། དུས་དེ་ཙམ་གྱི་ས་སྐྱ་པའི་བསྟན་འཛིན་གྱི་ཁོངས་སུ་གཏོགས་པའི་སྟོད་མངའ་རིས། བར་དབུས་གཙང་། སྨད་མདོ་ཁམས་ཀྱི་སའི་ཆ་ལ་ཡོད་པའི་ཆོས་སྡེ་ཆེན་པོའི་མཁན་པོ་དང་། གྲྭ་ཚངས་སོ་སོའི་སློབ་དཔོན་དང་། བློ་གསལ་མང་པོའི་འདྲེན་པ་དང་། མི་ཆེན་མང་པོའི་བླ་མ་སོགས་བསྟན་འཛིན་དུ་ཁས་ཆེ་བ་ཀུན་གྱིས་རྗེ་ཉིད་ཀྱི་ཞབས་ཟུང་ལ་བཏུགས་ཏེ་ཉིད་ཀྱི་གསུང་ཐུབ་པའི་བཀའ་བཞིན་དུ་འཛིན་པའི་བུ་སློབ་མཁས་