[A:༡༨ན]པ་ཁོ་ནས་དུས་འདའ་བར་མཛད་པ་དང་། གཞན་ཡང་བསྟན་པ་སྟོབས་ཀྱིས་འཛིན་པའི་མི་དབང་ཆེན་པོ་རིན་ཆེན་དབང་གི་རྒྱལ་པོ་སྐུ་མཆེད་དང་། རྒྱ་མ་ཁྲི་དཔོན། གྲྭ་ལྔ་རྒྱལ་པོ་དང་། དཔལ་རྣམ་སྡེ་པ། ཧོར་ཚེ་བརྟན་དོན་འགྲུབ། རྣར་ཐང་སྡེ་པ་དོན་གྲུབ་རྡོ་རྗེ་ལ་སོགས་པ་རིགས་རུས་ཕུན་སུམ་ཚོགས་པའི་སྐྱེས་བུ་འབྱོར་པ་དང་ལྡན་པ་མཐའ་དག་གིས་དམ་པ་ཉིད་ཀྱི་ཞབས་པད་སྤྱི་བོར་བླངས་ཏེ་རྙེད་པ་དང་བཀུར་བསྟི་ཆེན་པོས་མཆོད་ནས་མཉེས་པར་བྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས་རང་རང་བློ་དང་འཚམས་པའི་དམ་པའི་ཆོས་ཟབ་མོ་མང་དུ་གནང་སྟེ་སྐལ་བ་དང་ལྡན་པར་མཛད་པ་ཡིན་ནོ། །ཁྱད་པར་བདག་ཉིད་ཆེན་པོ་འདིས་ནི་དབེན་པ་ལ་ཐུགས་གཞོལ་བ་དང་། བསྟན་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་པ་མ་གཏོགས། ཆེ་འདོད་དང་གྲགས་འདོད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མ་མི་མངའ་ཡང་། སྡེ་འཁྲུག་ལ་སོགས་པ་ལས་ངན་ཅན་གྱི་སེམས་ཅན་རྣམས་སྡུག་བསྔལ་དྲག་པོས་ཉེ་བར་གདུང་པའི་ཚེ། མེ་ཕོ་འབྲུག་གི་ལོ་བདག་ཆེན་རིན་པོ་ཆེ་ཀུན་དགའ་རིན་ཆེན་པ་དང་། ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེ་གཉིས་ཀྱིས་གསོལ་བ་ནན་ཅན་བཏབ་པ་ལ་རྟེན་པ་བླ་མ་དམ་པ་འདི་ཉིད་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཕུལ་དུ་ཕྱིན་པ་མངའ་བའི་སྟོབས་ཀྱིས་ལུགས་གཉིས་ལ་རྟེན་པའི་བཀའི་བདུད་རྩི་ལེགས་པར་ཕེབས་པས་སྡེ་སྲིད་ཐ་དད་ནས་སྒོ་གསུམ་གྱི་དབང་པོ་ཚིམ་སྟེ། བླ་མ་དམ་པ་འདིའི་བཀའ་