R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༢༤བ
[A:༢༤བ]འཁྲུགས་ཀྱི་དབང་གི་ཆིངས་འཇགས་འདི་རྣམས་བརྟན་པར་ཡོང་བའི་སྙན་འབུལ་ནན་ཆགས་ཕུལ། དེས་བསམ་པ་རྫོགས་གསུངས། རྗེ་དབོན་ལ་ཐར་པ་རྩེ་པ་ཨ་འབྱོན་ལྟོས་གསུངས། ཡང་ཡང་གཟིགས་སུ་ཕེབས་པས་མ་བྱུང་། ཉི་མ་བཞུད་ནས་ཡང་དབོན་ཆེན་ལ་ལྟོས་ཤོག་གསུངས། གཟིགས་པས་ཕེབས་མ་བྱུང་། རྗེ་དབོན་གྱིས་སྐུ་དྲུང་དུ་བྱོན་ནས་ད་བར་ཕེབས་མ་བྱུང་ཞུས་པས། ཉི་མ་ག་ཙམ་འདུག་གསུངས། ཉི་མ་བཞུད་འདུག་ཞུ་མ་ནུས་པ་ནས། ཉི་མ་ཅུང་ཟད་ཅིག་འདུག་ཞུས་ལས། བུ་ཚས་བརྫུན་བྱས། ཉི་མ་བཞུད་ནས་མེད། ད་རང་མི་འབྱོན་པ་ཨེ་ཡིན་གསུངས། ང་ལ་བདེ་སྡུག་ཅི་བྱུང་ཡང་རྗེ་བཙུན་རིན་པོ་ཆེ་དང་། རྒྱལ་སྲས་རིན་པོ་ཆེའི་བཀའ་དྲིན་དང་སྔོན་ལས་སུ་གོ་གསུངས། དེ་ནས་དག་པའི་གཟིགས་སྣང་གི་དུས་འདའ་ཞིང་། ཐུགས་དམ་གྱི་རིམ་པ་ཐམས་ཅད་རྫོགས་པར་མཛད་དེ། མདའ་ཁ་མ་ཟབ་མོའི་ངང་ནས་ཉེར་གཅིག་གི་མཚན་སུམ་གཉིས་ཙམ་སོང་བའི་དུས་སུ་སྐུ་གཤེགས་པའི་ཚུལ་བསྟན་པར་འགྱུར་ཏེ། དེའང་གཞི་སེམས་དཔའི་སྐྱིལ་ཀྲུང་ལ་ཕྱག་གཉིས་མཉམ་གཞག་ལ་སྐུ་རྒྱབ་དབུ་སྙེལ་ལ་ཅུང་ཟད་བསྟེན་པའི་རྣམ་པར་བཞུགས་སོ། །དེ་ནས་བཟུང་སྟེ་དྲི་བཟང་དང་། རོལ་མོའི་སྒྲ་དང་མེ་ཏོག་འབབ་པ་ལ་སོགས་པ་ཀུན་གྱིས་མཐོང་ཞིང་ཐོས་པ་བྱུང་ཞིང་། ཉི་ཟླ་ཡང་འོད་ཉམས་པར་གྱུར་ཏོ། །དེ་ནས་ཉེར་གསུམ་གྱི་ཉིན་ཐུགས་དམ་གྲོལ་ཏེ་དབུའི་