R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༣ན
[A:༣ན]དཀྱིལ་འཁོར་དཀར་ཞིང་སྣུམ་ལ་དྲི་མ་མེད་པ་ཕྱག་དང་ཞབས་པདྨ་ལྟར་འཇམ་ཞིང་ཁོང་ལག་ཡངས་པ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་དང་སྤྱོད་ལམ་ཕུན་སུམ་ཚོགས་ཀུན་གྱི་ཡིད་དུ་འོང་བ་གཅིག་ཡོད་ཅེས་ཐོས་སོ། །དགུང་ལོ་གསུམ་ཙམ་བཞེས་པའི་ཚེ། སྔོན་གྱི་བག་ཆགས་བཟང་པོའི་སྟོབས་ཀྱིས་ཆོས་འཆད་པ་དང་། ཉན་པ་དང་། མདོ་ཀློག་པ་དང་། བསམ་གཏན་བསྒོམ་པ་དང་། རྒྱ་བོད་ཀྱི་ཡི་གེ་བྲི་བ་ལ་སོགས་པ་ཆོས་དང་མཐུན་པའི་སྤྱོད་པ་རྣམས་ཀུན་ལ་གསལ་བར་སྟོན་པས་འདི་ནི་ཐེག་པ་ཆེན་པོའི་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཏུ་འགྱུར་བའོ། །ཞེས་ཀུན་གྱིས་བསྟོད་བཀུར་བསྔགས་གསུམ་བྱེད་པ་ཞིག་ཡོད་ཅེས་ཐོས་སོ། །དེ་ནས་དགུང་ལོ་ལྔ་དྲུག་ཙམ་གྱི་དུས་མཚན་མོ་གཉིད་དུ་སོང་བ་ལྟ་བུའི་ཚུལ་གྱིས་ས་སྐྱ་ལྷ་ཁང་ཆེན་མོ་དང་བཅས་པའི་གྲོང་པ་རྣམས་ཀྱི་མི་ཕྱུགས། ནང་གི་ཕུ་སོགས་ན་ཡོད་པའི་དངོས་པོ་ཕྲ་རགས་ཚང་མ་འོད་གསལ་གྱིས་གསལ་པོར་མཐོང་བ་ཞིག་བྱུང་ཞེས་ཀྱང་གསུང་བར་གྲགས་སོ། །དེ་ནས་དགུང་ལོ་བདུན་ཞེས་པའི་ཚེ་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་བའི་དྲུང་དུ་ཀློག་ཡིག་ལ་སོགས་པ་བསླབས་སྦྱངས་མཛད་པའི་ཚུལ་བསྟན་པས་ཚེགས་མེད་པར་མཁྱེན་ནོ། །དགུང་ལོ་བརྒྱད་བཞེས་པའི་དུས་སྐུ་ཞང་བཅས་ཕྱུགས་འཚོ་བ་ལ་ཕེབས་པའི་ཚེ། ཆུ་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་དེ་དམ་པ་འདི་ཉིད་ཀྱིས་གཟིགས་ཏེ་སྐུ་ཞང་ལ་གསུངས་པས་ཞང་པོ་ན་རེ། ནམ་མཁའ་ལ་