R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༣བ
[A:༣བ]ཟླ་བ་ཡོད་པའི་གཟུགས་བརྙན་ཡིན་ཟེར་བས། རྟེན་འབྲེལ་ཟབ་མོའི་དོན་ལ་ངེས་ཤེས་བརྙེད་པ་དེ་དུས་ནས་བྱུང་གསུངས། དེ་ནས་དགུང་ལོ་བཅུ་གསུམ་མ་བཞེས་བར་དུ་གནས་དེ་ཉིད་དུ་བཞུགས་ཏེ་ཀློག་ཡིག་དང་རྗེ་བཙུན་གོང་མའི་སྐུ་བསྟོད་སོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་ལ་བསླབ་སྦྱངས་མཐར་ཕྱིན་པར་མཛད་དོ་ཞེས་ཐོས་སོ། །གཉིས་པ་སངས་རྒྱས་ཀྱི་བསྟན་པ་ལ་ཇི་ལྟར་བཞུགས་པའི་ཚུལ་ནི། སྔོན་གྱི་བག་ཆགས་བཟང་པོའི་མཚམས་སྦྱར་ཏེ། དགུང་ལོ་བཅུ་གསུམ་བཞེས་པ་འཕགས་པའི་ཡུལ་ན་དཀར་པོ་ཞེས་གྲགས་པ་ས་མོ་སྦྲུལ་གྱི་ལོ། དཔལ་ཨེ་ཝྃ་ཆོས་ལྡན་དུ་ཕེབས་ཏེ་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་འཕེལ་བའི་ཞབས་ཀྱི་པདྨ་ལ་བཏུགས་ནས་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་གང་ལ་ཡང་ཉེས་པའི་སྐྱོན་དུ་སྐད་གཅིག་ཙམ་ཡང་མི་རྟོག་ཅིང་། ངོ་མཚར་བའི་ཡོན་ཏན་ཁོ་ནར་གཟིགས་པས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་། ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་རང་འགྲིག་པས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་པ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་རྣམ་ཐར་གནང་བ་ལ་སོགས་པའི་ཡོན་ཏན་བརྗོད་པ་དང་། མཚན་ཐོས་པའི་ཚེ་དད་པ་དང་གུས་པ་རང་དབང་མེད་པར་གཡོས་ཏེ་སྤྱན་ཆབ་གནང་བ་ལ་སོགས་པ་སྐུ་གསུང་ཐུགས་ཤིན་ཏུ་དད་པའི་རྣམ་འགྱུར་མ་བཅོས་ལྷུན་གྲུབ་ཏུ་འབྱུང་བ་ནི་ཀུན་ལ་མངོན་དུ་གྱུར་པ་ཡིན་ནོ། །ལོ་དེའི་སྣྲོན་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་འདྲེན་མཆོག་དམ་པ་དཀོན་མཆོག་