R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 118
[A:118]ངེད་རང་བྱ་བཏང་ཁུངས་མའི་ཀུན་སྤྱོད་སླེ་བེམ་གྱོན་པའི་སྙོམས་ཆུང་དེ་ལ་མིག་བལྟས་ཆེ་བར་འདུག། དེར་གཟིམས་སྤྱིལ་ཡང་ས་གཡོའི་འཇིགས་པས་དྲུམ་པ་ལ་བརྟེན། དཔོན་སློབ་ཀུན་ཕྱི་ན་བཞུགས། སྤངས་སྟོངས་ལས་ཆར་སྐྱིབས་སོགས་མི་འདུག་པས། ནུབ་མོ་ལྷུན་སྡིངས་གནས་ཚང་དུ་ཉལ། ཉིན་རེ་བཞིན་ཟབ་མ་ཆད་པར་ཆོས་ཞུ་ལ་དྲུང་དུ་བསྙེགས། ཐོག་མར་སྔར་བཀའ་ཐོར་ཕེབས་པ་ལྟར་དུས་འཁོར་སྙན་བརྒྱུད་ཀྱི་གདམས་པ་གཅིག་ཤེས་ཀུན་གྲོལ་གྱི་ཉམས་ཁྲིད་ཆེན་མོ་ཆིག་བརྒྱུད་དུ་བསྩལ་བས་ངེས་ཤེས་ལྷུག་པར་སྐྱེ་བ་བྱུང། གྲུབ་ཆེན་མན་ལུང་པ་ཆེན་པོ་ནས་ད་ལྟའི་བར་ཡི་གེ་མེད་པའི་སྙན་རྒྱུད་ཁོ་ན་ཡིན་པར་འདུག་ཅིང། དམིགས་པའི་སྡོམས་དང་ངོ་སྤྲོད་ཀྱི་གནད་ལ་གསུང་བགག་གི་ཚིགས་བཅད་འགའ་རེའི་ཞལ་སློབ་ལེན་དགོས་རྣམས་རྩིས་གཏད་མེད་པའི་ཉམས་བན་བུན་དེས་བློ་ལ་གཏན་མ་ཆགས་པར། ངེད་ཡུལ་ཕྱོགས་ལ་མྱུར་དུ་འགྲོ་བས་སྟབས་ཐུག། ཕ་ལོ་ཙཱ་བས་ཕྱག་བྲིས་དངོས་ཀྱི་ཟིན་ཐོ་གནང། ཕྱིས་བློ་ལ་ངེས་ནས་དཔེ་མི་སྤེལ་བར་དྲང་སྲོང་མེ་ལྷ་ལ་འབུལ་བའི་བཀའ་རྒྱས་གདམས། དེར་རྨི་ལམ་གྱི་སྣང་ཆ་བརྟན་པོ་བསླུ་བ་མེད་པའི་ངེས་ཤེས་གསལ་མཐོང་དུ་ཕེབས། མཆོག་དབང་སྔོན་དུ་འགྲོ་བའི་རྡོ་རྗེ་གསུངvc: གསུམ?གྱི་བསྙེན་བསྒྲུབ། གྲུབ་ཐོབ་ཨོ་རྒྱན་པ་ཆེན་པོའི་དངོས་སློབ་རྟོགས་ལྡན་ཟླ་བ་སེང་གེའི་ལུགས་རྫོགས་པར་དགྱེས་བཞིན་དུ་སྩོལ་བར་མཛད་པའི་ཚེ། བཀའ་འགྲོལ་དུ་ཕྱག་གསེར་སྲང་གང་གི་མཎྜལ་ཕུལ་ནས་ཞུས། བསྙེན་སྒྲུབ་རྫོགས་མཚམས་ཇོ་ཞལ་ཆུ་བོ་གཉིས་འདུས་ལས་བརྒྱུད་པའི་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཐོག་མཐའ་བར་དགེ་སོ་སོ། ངོ་སྤྲོད་གཅེར་མཐོང་ངོ་ཤེས་དང་གསང་དོན་རབ་གསལ།